རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་འདས་གྲོངས་སུ་གྱུར་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༦ ཉིན་གྱི་ཉིན་གུང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ཇན་ཏར་མ་ཏར་རུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འགོ་འཁྲིད་དེ་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་རྒྱ་གར་དུ་ཚོགས་འདུར་སླེབས་ལ་ཉེ་བ་དང་བསྟུན་ནས། བོད་མི་སྟོང་ཕྲག་གཉིས་ལྷག་འདུ་འཛོམས་ཀྱིས་ངོ་རྒོལ་བྱེད་པའི་སྐབས། ཉིན་དེའི་ཆུ་ཚོད་ ༡༢ དང་སྐར་མ་ ༢༥ སྟེང་ཁམས་རྟའུ་ནས་ཡིན་པ་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་གློ་བུར་ལུས་སྟེང་དུ་སྣུམ་བླུགས་ཏེ་རང་ལུས་མེ་སྲེག་བཏང་ཡོད་པ་དང་། སྐབས་དེར་ཁོང་གིས་བོད་རྒྱལ་ལོ་ཞེས་སྐད་འབོད་བྱས་ནས་གོམ་པ་ ༢༠ ལྷག་གོམ་བགྲོད་གནང་རྗེས། ལུས་ལ་མེ་འབར་ཤུགས་ཆེ་དྲགས་ནས་སར་འགྱེལ་ཡོད་པ་དང་ ། ཁོང་གི་གཟུགས་པོའི་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་སྟབས། ལྡི་ལིར་རྟེན་གཞི་བྱས་པའི་སྨན་ཁང་ (Rammanohar Lohia Hospital) ཞེས་པའི་ནང་མྱུར་སྐྱོབ་སྨན་བཅོས་གནང་ཆེད་དུ་འཁྱེར་ཡོད་རུང། ཟླ་འདིའི་ཚེས་ ༢༨ ཉིན་གྱི་ཐོ་རངས་འདས་གྲོངས་སུ་གྱུར་ཡོད་པ་རེད། རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ནི་ཁམས་རྟའུ་ནས་ཡིན་པ་དང་རང་ལོ་ ༢༧ ལ་སོན་ཡོད། ཁོང་ ༢༠༠༦ ལོར་རྒྱ་གར་དུ་འབྱོར་རྗེས་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་གཉེར་གནང་ཡོད་པ་དང་། ད་ལོ་སློབ་མཐར་ཕྱིན་རྗེས་ལྡི་ལིར་གནས་སྡོད་བྱས་ཡོད་པ་རེད།

ཁོང་གིས་རང་ལུས་མེར་སྲེག་མ་གནང་བའི་སྔ་རོལ་དུ་དོན་ཚན་ ༥ ཅན་གྱི་ཁ་ཆེམས་ཤིག་བཞག་ཡོད་པ་ནི། ། “

  • ༡ འཛམ་གླིང་ཞི་བདེ་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་ཚེ་ཁྲི་ཕྲག་ནས་ཁྲི་ཕྲག་བརྟན་པར་ཤོག བོད་ལ་གདན་འདྲེན་ཞུ་དགོས། ཤ་རུས་གདོང་རྒྱུད་གཅིག་པའི་སྤུན་ཟླ་ཚོ་མཉམ་འཛོམས་བྱས་ནས། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕོ་བྲང་པོ་ཏཱ་ལའི་མདུན་དུ་འབྲུག་སྒྲ་གྲགས་པ་ནང་བཞིན་ཡོང་བའི་སྨོན་ལམ་དང་ཡིད་ཆེས་བརྟན་པོ་ཡོད།
  • ༢ སྤུན་ཟླ་ཚོ། མ་འོངས་བདེ་བ་དང་མདུན་ལམ་བསམས་ན་ལ་རྒྱ་དགོས། ལ་རྒྱ་ནི་མི་རིགས་ཤིག་གི་བླ་སྲོག་ཡིན། ད་དུང་དྲང་བདེན་འཚོལ་བའི་སྤོབས་པ་ཡིན། མ་འོངས་བདེ་བའི་སྣ་འདྲེན་ཡང་ཡིན། སྤུན་ཟླ་ཚོ།  འཛམ་གླིང་མི་མང་འདྲ་མཉམ་འཚོལ་བའི་བདེ་སྐྱིད་བསམ་ན། ལ་རྒྱ་ཟེར་བའི་ཚིག་འདི་སེམས་ལ་བཅངས་དགོས། བྱ་བ་ཆེ་ཆུང་སོགས་ལ་འབད་བརྩོན་གནང་དགོས། སྤྱིར་ལ་རྒྱ་ནི་བདེན་རྫུན་འབྱེད་པའི་ཤེས་རབ་ཡིན།
  • ༣  རང་དབང་ནི་སྲོག་ལྡན་ཡོངས་ཀྱི་བདེ་སྐྱིད་གཞི་མ་ཡིན། རང་དབང་མེད་ན་རླུང་ནང་མར་མེ་འབར་བ་ནང་བཞིན་ཡིན། བོད་མི་ས་ཡ་དྲུག་གི་ཁ་ཕྱོགས་འདྲ་པོ། ཆོལ་ཁ་གསུམ་གྱི་སྤུན་ཟླ་ཚོས་ནུས་ཤུགས་གཅིག་ཏུ་སྒྲིལ་པ་ལ་འབྲས་བུ་ཐོབ་པ་ང་ཚོས་ཤེས་གསལ་རེད། སེམས་ཤུགས་མ་ཆག་རོགས།
  •  ༤ གུས་པས་བརྗོད་པ་ནི་བོད་མི་ས་ཡ་དྲུག་གི་གནད་དོན་ཞིག་ཡིན། མི་རིགས་ཀྱི་འཐབ་རྩོད་སྐབས་དགོས་པ་ནི། དཔལ་འབྱོར་ཡོད་ན་བེད་སྤྱོད་གཏོང་བའི་དུས་ཚོད་རེད། ཡོན་ཏན་ཡོད་ན་ནུས་པ་སྒྲིལ་དགོས་པའི་ཛ་དྲག་གི་དུས་ཚོད་ལ་སླེབས་པ།  སྲོག་ཡོད་ན་རང་སྲོག་བློས་གཏོང་བའི་ཉིན་མོ་རེད་དྲན་གྱི་ཡོད།  དུས་རབས་ཉི་ཤུ་རྩ་གཅིག་ནང་ལ་མི་ལུས་རིན་ཆེན་མེ་ལ་ཕུལ་བ་ནི། འཛམ་གླིང་མི་མང་ལ་བོད་མི་ས་ཡ་དྲུག་གི་སྡུག་བསྔལ་དེ་འགྲོ་བ་མིའི་ཐོབ་ཐང་འདྲ་མཉམ་མེད་པའི་རྟགས་མཚན་ཡིན། ཤ་ཚ་སྙིང་རྗེ་ཡོད་ན་ཉམ་ཆུང་བོད་མི་ལ་གཟིགས་རོགས་གནང་།
  •  ༥ ང་རང་ཚོའི་ཕ་མའི་ཆོས། རིག་པའི་གཞུང་ལུགས་དང་སྐད་ཡིག་སོགས་ལ་རང་དབང་དགོས། འཛམ་གླིང་མི་མང་ཐོབ་ཐང་འདྲ་མཉམ་དགོས། འཛམ་གླིང་མི་མང་ང་ཚོའི་རྒྱབ་ཏུ་ལོངས་ཤོག བོད་ཀྱི་བདག་པོ་བོད་མི་ཡིན། བོད་རྒྱལ་ལོ།” ཞེས་བྲིས་ཡོད་པ་རེད།

ཁོང་ནི། ཕྱི་ལོ་ ༢༠༡༡ ནས་ད་ལྟའི་བར་བཙན་བྱོལ་ནང་རང་ལུས་མེར་སྲེག་གནང་མཁན་གསུམ་པ་དེ་ཆགས་ཡོད་པ་དང་། ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ནས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༧ བར་བོད་ཕྱི་ནང་གཉིས་ནས་རང་ལུས་མེར་སྲེག་གནང་མཁན་མི་གྲངས་ ༣༣ བྱུང་ཡོད་པ་དང་། རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་རང་ལུས་མེར་སྲེག་གིས་སྐུ་སྲོག་ཤོར་མཁན་ ༢༣ པ་ཆགས་ཡོད། དེ་ཡང་ཁོང་གི་ཁ་ཆེམས་ནང་”འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་ཚེ་ཁྲི་ཕྲག་ནས་ཁྲི་ཕྲག་བརྟན་པར་ཤོག བོད་ལ་གདན་འདྲེན་ཞུ་དགོས། ང་རང་ཚོའི་ཕ་མའི་ཆོས། རིགས་པའི་གཞུང་ལུགས་དང་སྐད་ཡིག་སོགས་ལ་རང་དབང་དགོས། འཛམ་གླིང་མི་མང་ཐོབ་ཐང་འདྲ་མཉམ་དགོས། བོད་ཀྱི་བདག་པོ་བོད་མི་ཡིན། མ་འོངས་བདེ་བ་དང་མདུན་ལམ་བསམས་ན་ལ་རྒྱ་དགོས། ལ་རྒྱ་ནི་མི་རིགས་ཤིག་གི་བླ་སྲོག་ཡིན། ད་དུང་དྲང་བདེན་འཚོལ་བའི་སྤོབས་པ་ཡིན། མ་འོངས་བདེ་བའི་སྣ་འདྲེན་ཡང་ཡིན། འཛམ་གླིང་མི་མང་འདྲ་མཉམ་འཚོལ་བའི་བདེ་སྐྱིད་བསམ་ན། ལ་རྒྱ་ཟེར་བའི་ཚིག་འདི་སེམས་ལ་བཅངས་དགོས། སྤྱིར་ལ་རྒྱ་ནི་བདེན་རྫུན་འབྱེད་པའི་ཤེས་རབ་ཡིན།  དུས་རབས་ཉི་ཤུ་རྩ་གཅིག་ནང་ལ་མི་ལུས་རིན་ཆེན་མེ་ལ་ཕུལ་བ་ནི། འཛམ་གླིང་མི་མང་ལ་བོད་མི་ས་ཡ་དྲུག་གི་སྡུག་བསྔལ་དེ་འགྲོ་བ་མིའི་ཐོབ་ཐང་འདྲ་མཉམ་མེད་པའི་རྟགས་མཚན་ཡིན། ཤ་ཚ་སྙིང་རྗེ་ཡོད་ན་ཉམ་ཆུང་བོད་མི་ལ་གཟིགས་རོགས་གནང་།”

ཞེས་གསལ་བ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཀྱང་བོད་མི་ཤི་གསོན་གཉིས་ཀྱི་རེ་འདུན་འགྲུབ་ཆེད་དང་། རྒྱ་ནག་གཞུང་གི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་བསྒྱུར་བཅོས། མཉམ་འབྲེལ་རྒྱལ་ཚོགས་དང་། རང་དབང་དང་དྲང་བདེན། མང་གཙོ་བཅས་ལ་དགའ་བའི་རྒྱལ་ཁབ་ཁག་ནས་བོད་ཀྱི་གནད་དོན་དེ་ཞག་འགྱངས་ཉིན་ཕུད་བྱས་ནས་མི་འཇོག་པར། འཕྲལ་དུ་རྒྱ་ནག་གཞུང་ལ་གནོན་ཤུགས་དང་། རྒྱལ་སྤྱིའི་ལྷན་ཚོགས་ཁག་གིས་བོད་མིའི་རེ་འདུན་རྣམས་ལག་བསྟར་དོན་འཁྱོལ་ཡོང་བའི་རེ་སྐུལ་ནན་པོ་ཞུ་རྒྱུ་དང་། དེ་བཞིན་སྐབས་༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ཐོག གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་ཡིག་ཆ་ཨང་ ༦ པ་དོན་ཚན་བརྒྱད་འཁོད་བཞག་ཡོད་པ་དང་། དེའི་རྗེས་སུ་ཟུར་སྣོན་གྲོས་ཆོད་ཡིག་ཆ་ཨང་ ༤༨ དོན་ཚན་༨ ཅན་ཞིག་བཞག་ཡོད་པ་དེ་དག་ངེས་པར་དུ་ལག་བསྟར་དགོས་པའི་རེ་སྐུལ་ནན་པོ་ཞུ་རྒྱུ་ཡིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༨ ཉིན།།