རྒྱལ་གཅེས་དཔའ་བོ་ཚེ་དབང་རྡོ་རྗེ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གནང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

 

ཕྱི་ལོ་༢༠༡༢ ཟླ༧ ཚེས་ ༧ ཉིན་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡༢ ཡས་མས་ལ་བོད་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་འདམ་ཆུ་ཁ་གྲོང་བརྡལ། མཆོད་རྟེན་ཁུག་གྲོང་སྡེ་ནས་ཡིན་པའི་འབྲོག་པ་ན་གཞོན་རང་ལོ་ ༢༢ ཡིན་པ། མཚན་ལ་ཚེ་དབང་རྡོ་རྗེ་ཞུ་བ་ཞིག་གིས་འདམ་གཞུང་རྫོང་ཐོག་ཏུ་མི་ཚོགས་འདུ་འཛོམས་ཆེ་སའི་ཁྲོམ་གཟིགས་སྒང་ཟེར་བའི་སྒོ་རའི་མདུན་དུ་སྐད་ཤུགས་ཆེན་པོས་སྐད་འབོད་ཁྲོད་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གནང་ཡོད་འདུག མེ་འབར་ནས་དུས་ཚོད་སྐར་མ་གསུམ་ཙམ་སོང་རྗེས་རྒྱ་གཞུང་གི་ཉེན་རྟོག་པས་ཁོང་གི་སྐུ་ལུས་ཀྱི་མེ་བསད་དེ། རྫོང་སྨན་ཁང་དུ་བཙན་ཁྱེར་བྱས་རྗེས་མི་སུ་གཅིག་ཀྱང་ཁོང་ལ་ཐུག་འཕྲད་བྱེད་བཅུག་མེད་པ་མ་ཟད།  ཁོང་ཉིན་དེའི་མཚན་ལ་སྐུ་གཤེགས་ཡོད་པའི་གནས་ཚུལ་ཡང་ཁྱབ་འདུག    རྒྱལ་གཅེས་པ་ཁོང་ནི།  ནམ་རྒྱུན་ཚོང་ཙག་ཙིག་རེ་བརྒྱབ་སྟེ་སྡོད་མཁན་ཞིག་དང་།  ད་ལྟ་ཤུལ་དུ་ལུས་པ་ནི་མ་རྒན་གཅིག་མ་གཏོགས་སུ་གཅིག་ལྷག་མེད་ཚོད་འདུག
ད་ལྟའི་ཆར་འདམ་གཞུང་རྗོང་ཡོངས་དམ་དྲག་ཧ་ཅང་ཆེན་པོའི་འོག་གནས་ཡོད་འདུག་ལ། ཁ་པར་ཚང་མ་བཀག་སྡོམ་གྱིས་ཕྱི་ཕྱོགས་ནས་འབྲེལ་བ་བྱེད་ཐབས་མེད་པ་མ་ཟད།  ཐ་ན་ལྷ་ས་གྲོང་ཁྱེར་སོགས་བོད་ནང་ཁུལ་གྱི་ས་ཆ་ཕན་ཚུན་ནས་ཀྱང་འདམ་གཞུང་རྫོང་ཐོག་ཏུ་ཁ་པར་མཐུད་ཐབས་མེད་པ་ཆགས་ཡོད་འདུག ཁོང་གིས་སྐུ་ལུས་མེར་བསྲེགས་གནང་སའི་སྒོ་རའི་ནང་སྐབས་དེར་ཡོད་པའི་མི་ཚང་མ་རྒྱ་གཞུང་གིས་འཇུ་བཟུང་བྱས་ཏེ།   ཐ་ན་གནས་ཚུལ་དེའི་སྐོར་སུ་གཅིག་གིས་ཀྱང་ཕྱི་ལ་ཤོད་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག   ད་ཆ་ན་གཞོན་ཁོང་གི་འབོད་ཚིག་གང་ཞིག་བསྒྲགས་ཡོད་མེད་དང་། སྐུ་ཕུང་ཅི་ཞིག་བྱས་ཡོད་མེད་ཀྱི་གནས་ཚུལ་ཞིབ་ཕྲ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མི་འདུག་ཅེས་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་འབྲེལ་ཡོད་ནས་མཁོ་སྤྲོད་གནང་བྱུང་།
ཡང་།  འདི་ལོའི་ཕྱི་ཟླ་  ༥ པའི་ཚེས་ ༢༧ ཉིན་ལྷ་སའི་ཇོ་ཁང་མདུན་ཐང་དུ་མདོ་སྨད་བླ་བྲང་བསང་ཆུ་རྫོང་འབོ་ར་དཔེ་ལུང་སྡེ་བའི་རང་ལོ་ ༡༩ ཡིན་པའི་རྡོ་རྗེ་ཚེ་བརྟན་ལགས་དང་། རྔ་པ་སོ་རུ་མའི་རང་ལོ་ ༢༥ ཡིན་པའི་དར་རྒྱས་ལགས་རྣམ་གཉིས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ། ཉིན་དེའི་ཉིན་རྒྱབ་ཆུ་ཚོད་ ༢ པ་ཡས་མས་སུ་རྡོ་རྗེ་ཚེ་བརྟན་ལགས་སྐུ་གཤེགས་ཤིང་། དར་རྒྱས་ལགས་ཉིན་དེར་སྤྱི་བདེ་ཉེན་རྟོག་པས་སྨན་ཁང་དུ་བཙན་འཁྱེར་བྱས་ནས་ད་ལྟའི་བར་ནང་མི་གཉེན་འབྲེལ་ཚོར་ཐུག་འཕྲད་བྱེད་མ་བཅུག་པར་དམ་དྲག་འོག་སྨན་བཅོས་བྱེད་དགོས་བྱུང་ཡོད་ཀྱང་། ཟླ་འདིའི་ཕྱི་ཚེས་ ༧  ཉིན་སེ་ར་དགོན་པའི་ཉེ་འགྲམ་གྱི་དམག་མིའི་སྨན་ཁང་ཞིག་ཏུ་སྐུ་གཤེགས་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ལྟར་ན། རྒྱལ་གཅེས་དཔའ་བོ་ཚེ་དབང་རྡོ་རྗེ་ལགས་ནི། ཕྱི་ལོ་ ༢༠༠༩ ནས་ད་ལྟའི་བར་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་མི་གྲངས་ ༤༣ པ་དེ་ཆགས་ཡོད་ལ། རྒྱལ་གཅེས་དཔའ་བོ་དར་རྒྱས་ལགས་དང་།   ཁོང་གཉིས་བརྩིས་པས་རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་སུ་གྱུར་པ་མི་གྲངས་  ༣༣ ཆགས་ཡོད།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ནང་རང་ལུས་མེར་བསྲེགས་དང་། དམར་གསོད་ཀྱི་དོན་རྐྱེན་བྱུང་རིམ་བཞིན་གསར་འགོད་བསྒྲགས་གཏམ་རིམ་སྤེལ་བྱས་ཡོད་པའི་ནང། བོད་ནང་གི་དོན་རྐྱེན་དེ་དག་ནི་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་དང་ཕྱོགས་སུ་ལྷུང་བའི་སྲིད་བྱུས་ལ་བརྟེན་ནས་ཡོང་གི་ཡོད་པས། ཇི་སྲིད་བོད་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་སྒྱུར་བཅོས་མ་བཏང་བ། དེ་སྲིད་དུ་བོད་ཆོལ་ཁ་གསུམ་ནང་རང་ལུས་མེར་བསྲེགས་སོགས་ཀྱིས་མཚོན་ལས་འགུལ་སྣ་ཚོགས་ཡོང་སྲིད་པས། དེ་དག་གི་འགན་ཆ་ཚང་རྒྱ་གཞུང་གིས་འཁྱེར་དགོས་པ་ལས་གཞུང་སྒེར་སུ་ལའང་ཡ་ལན་སྤྲོད་ས་མེད།
ད་ལྟའི་སྐབས་རྒྱ་ནག་གཞུང་གིས་རྒྱུན་ལྡན་ལྟར། བོད་ནང་རང་ལུས་མེར་བསྲེགས་དང་མི་མང་འདུ་འཛོམས་ཀྱིས་ཞི་རྒོལ་སོགས་བྱུང་སྐབས། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས། ལས་འགུལ་བ་མི་སྒེར་བཅས་ལ་བསྙོན་འཛུགས་སྣ་ཚོགས་བྱས་ཏེ། རྒྱལ་ཁབ་འདྲ་མིན་ནང་བརྒྱུད་ལམ་སྣ་ཚོགས་ལ་འགྲོ་གྲོན་ཕོན་ཆེན་བཏང་སྟེ། ལོག་པའི་ཁྱབ་བསྒྲགས་སྣ་ཚོགས་བྱས་དང་བྱེད་བཞིན་ཡོད་པ་དང་། ཉེ་ལམ་བོད་རིག་པ་མཁས་ཅན་སྐུ་ཚབ་ཚོགས་པ་ཟེར་བ་ཨ་རི་དང་ཁེ་ན་ཌ་སོགས་རྒྱལ་སྤྱིའི་ཐོག་སྐོར་བསྐྱོད་ཀྱིས་བོད་ནང་རང་ལུས་མེར་བསྲེགས་ཀྱི་རྒྱབ་ལྗོངས་རྒྱལ་ཁབ་ཕྱི་ལོགས་ཀྱི་ཆབ་སྲིད་དང་ཆོས་ལུགས་ལས་རིགས་ཁག་ནས་ངན་བསྐུལ་བྱས་པ་སོགས་མ་རུང་ཁོག་བཅངས་ཀྱི་རྒྱུ་མཚན་བཞི་སོགས།   ལོག་པའི་དྲིལ་བསྒྲགས་སྣ་ཚོགས་འཆར་གཞི་དང་གོ་རིམ་ཡོད་པའི་ཐོག་བྱས་དང་བྱེད་བཞིན་པ་དང་། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་འབྲེལ་ཡོད་དཔོན་རིགས་ནས་ཀྱང་རྒྱ་ནག་གི་རྩ་ཁྲིམས་སུ་གསལ་བའི་གྲངས་ཉུང་མི་རིགས་ཀྱི་གནས་བབ་ཕྱིར་བསྡུ་བྱེད་དགོས་ཀྱི་བསམ་ཚུལ་ཡན་ཆད་རྩོམ་ཡིག་ཏུ་སྤེལ་ནས།    ཁྲིམས་གསལ་རང་སྐྱོང་གི་གཞི་རྩ་མེད་པ་བཟོ་རྒྱུའི་ལྐོག་གཡོ་བཤམས་པ་སོགས་རང་ཉེས་གཞན་འགལ་བྱེད་བཞིན་ཡོད་པ་དེ་དག་གལ་ཏེ་རྒྱ་ནག་གཞུང་གིས་བརྗོད་བཞིན་པ་ལྟར་བདེན་པ་ཡིན་ན། བོད་ནང་རྒྱལ་སྤྱིའི་གསར་འགོད་པ་དང་རྟོག་ཞིབ་པ་བཀག་འགོག་བྱེད་དགོས་པའི་རྒྱུ་མཚན་མེད་ལ། འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན་ལ་དགའ་བའི་སྲིད་གཞུང་ཚོས། བོད་ནང་གི་དངོས་ཡོད་གནས་སྟངས་རྟོགས་ཆེད། རྒྱལ་ས་ལྷ་སའི་ནང་འབྲེལ་མཐུད་ལས་ཁུངས་འཛུགས་འཆར་ཡོད་པ་བཅས་བཀག་འགོག་བྱེད་དགོས་པའི་རྒྱུ་མཚན་དེ་བས་མེད།
ཉེ་བའི་ཆར་རྒྱ་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ནས་མདོ་སྟོད་སྨད་གཙོས། ལྷ་ས་བ་མིན་པའི་བོད་མི་རྣམས་ཕྱིར་འབུད་བཏང་བ་དང་། རྒྱ་མི་ལས་གཞན་བོད་མི་རྣམས་ལྷ་སར་ཡོང་མི་ཐུབ་པ་སོགས་མི་རིགས་དབྱེ་འབྱེད་དང་། རོགས་རམ་གྱི་མིང་འོག་ནས་བོད་རིགས་སློབ་ཐོན་པ་ཚོ་རྒྱ་ནག་གི་ས་ཁུལ་ཁག་ཏུ་གཏོང་བ་དང་། བོད་ཀྱི་ས་ཁུལ་དུ་རྒྱ་རིགས་སློབ་ཐོན་པ་ཚོར་ལས་ཀའི་གོ་སྐབས་སྤྲོད་པ་སོགས་ཀྱི་སྲིད་བྱུས་སྣ་ཚོགས་ཤིག་ལག་བསྟར་བྱེད་བཞིན་པ་འདི། བོད་རིགས་བོད་སར་གནས་མི་ཐུབ་པ་དང་། བོད་ཡུལ་རྒྱ་ཡུལ་ཅན་དུ་བསྒྱུར་བའི་སྲིད་བྱུས་ཤིག་ཡིན་པས། རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་རྒྱལ་ཁབ་ཁག་གིས། རྒྱ་གཞུང་གིས་བོད་མི་ཚོར་སྡུག་སྦྱོང་མནར་གཅོད་གཏོང་བཞིན་ཡོད་པ་དང་། བོད་མི་ཚོའི་ཚེ་སྲོག་དང་འབོད་སྒྲ་རྣམས། འགྲོ་བ་མིའི་ཚེ་སྲོག་དང་ཐོབ་ཐང་རྩོད་པའི་འབོད་སྒྲ་ཡིན་པ་ཤེས་བཞིན་དུ། ད་དུང་ཡང་ཉིན་འགྱངས་ཞག་ཕུད་བྱས་ནས་དེ་མུར་བཞག་ན། དྲང་བདེན་དང་ཞི་བདེ་ལ་མོས་པའི་འགྲོ་བ་མི་ཀུན་གྱི་ཡིད་ཆེས་དང་རེ་བ་བརླག་ངེས་པ་དང་། ས་ཡི་གོ་ལའི་ཁྱོན་ལ་ཉེས་ཅན་རྒྱ་ཡན་དུ་འགྲོ་རྒྱུ་ཡིན་པས། ངེས་པར་དུ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་སྒྱུར་བཅོས་ཡོང་བར་གནོན་ཤུགས་སྤྲོད་དགོས་ཞེས་ནན་བརྗོད་བྱེད་རྒྱུ་ཡིན།།
ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༡༠༡༢ ཟླ་ ༧ ཚེས་ ༡༠ཉིན།