རྒྱལ་གཅེས་དཔའ་བོ་གྲྭ་ཚེ་རིང་རྒྱལ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༡ ཉིན་གྱི་ཕྱི་དྲོར་མགོ་ལོག་པདྨ་རྫོང་ཇོ་ནང་ཨ་སྐྱོང་དགོན་པའི་གྲྭ་ཚེ་རིང་རྒྱལ་ལགས་ཀྱིས། རྒྱ་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་ཇུས་ལ་ངོ་རྒོལ་གྱིས་པདྨ་རྫོང་ཐོག་ཏུ་རང་ལུས་མེར་སྲེག་གནང་ཡོད་འདུག་པ་དང་། གནས་ཚུལ་བྱུང་ཡུལ་དངོས་ན་ཡོད་མཁན་གྱི་མི་སྣས་འགྲེལ་བརྗོད་བྱས་དོན་ལྟར་ན། ཁོང་གིས་རང་ལུས་མེར་སྲེག་གནང་ནས་ཡུན་རིང་མ་སོང་བར། ས་གནས་ཉེན་རྟོག་པ་དང་དམག་མི་སོགས་འབྱོར་ཏེ་མེ་བསད་ཡོད་པ་དང་། སྐབས་དེར་ས་གནས་རང་དུ་སྐུ་གྲོངས་མི་འདུག་ཅེས་བརྗོད་ཡོད། ད་སྐབས་ཁོང་རྫོང་སྨན་ཁང་དུ་ཛ་དྲག་གིས་མྱུར་སྐྱོབས་བྱེད་བཞིན་ཡོད་འདུག་པ་དང་། སྨན་ཁང་ཡོངས་སུ་དམག་གིས་སྐོར་ནས་སྨན་ཁང་དུ་མི་མང་འགྲོ་འདུག་བཀག་འགོག་བྱས་ ཡོད་འདུག ད་དུང་གནས་ཚུལ་རིམ་གྱིས་ཐོན་གསལ་ལྟར་ན། ཇོ་ནང་ཨ་སྐྱོང་དགོན་གྱི་དགེ་འདུན་པ་དང་མི་མང་བརྒྱ་ཕྲག་ལྷག་དགོན་པར་འདུ་འཛོམས་བྱས་ཏེ། རང་ལུས་མེར་སྲེག་གནང་མཁན་གྲྭ་ཚེ་རིང་རྒྱལ་ལགས་ཤི་གསོན་གང་ཞིག་ཆགས་ཡོད་རུང། རྒྱ་མིའི་ལག་ནས་ལེན་པར་རྫོང་ཐོག་གི་སྨན་ཁང་ནང་ལ་འགྲོ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པར་བརྟེན། དེང་སྐབས་ས་གནས་སྲིད་གཞུང་དང་མི་མང་གི་དབར་ཧ་ཅང་ཛ་དྲག་གི་གནས་སྟངས་ཆགས་ཡོད་འདུག རྒྱལ་གཅེས་དཔའ་བོ་གྲྭ་ཚེ་རིང་རྒྱལ་ལགས་ནི་ད་ལོར་དགུང་ལོ་ ༢༡ ཡིན་པ་དང་། ཁོང་གི་ཕའི་མིང་ལ་ཤེར་ཕུན་དང་མའི་མིང་ལ་རིན་སྒྲོན་ཡིན་འདུག་ལ། སྤུན་མཆེད་གྲྭ་བདེ་ལེགས་དང་ཆོས་དབྱིངས། མི་སྐྱ་སངས་བཟང་། ཨ་ནེ་ཁང་སྐྱིད། གང་མ། མཚོ་མོ། ཚེ་སྐྱིད་བཅས་སྤུན་མཆེད་བརྒྱད་ནས་ཁོང་ཆུང་ཤོས་ཡིན་འདུག

རྒྱ་གཞུང་གིས་བོད་ནང་དྲག་གནོན་ལ་བརྟེན་ནས་ད་བར་སྐྱ་སེར་མི་གྲངས་ ༡༢༢ ཀྱིས་རང་ལུས་མེར་སྲེག་གནང་ཡོད། ད་ཐེངས་ཀྱི་རང་ལུས་མེར་སྲེག་གི་དུས་ཚོད་དེ། པེ་ཅིང་དུ་དམར་ཤོག་ཚོགས་པའི་མཐོ་རིམ་དཔོན་རིགས་ཁྱོན་ ༣༨༠ ཙམ་མཉམ་ཞུགས་ཀྱིས། རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་བཅོ་བརྒྱད་པའི་དབུས་རྒྱུན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དུ། རྒྱ་ནག་གཞུང་གིས་རང་ཉིད་ཀྱི་འཐུས་མི་འཛུལ་ཞུགས་ཀྱི་ཆེད་དུ་བྱུས་ཉེས་ཡོངས་ རྫོགས་སྦས་ཐབས་ཀྱི་ཐབས་ལམ་སྣ་ཚོགས་བྱེད་བཞིན་པ་དང་དུས་མཉམ་འཁེལ་ཡོད། འདིའི་རྒྱབ་ལྗོངས་ཀྱང་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་དཔོན་རིགས་ཚོས་བོད་ ཀྱི་ཛ་དྲག་གི་གནས་སྟངས་ལ་ངེས་པར་དུ་དོ་སྣང་དང་ཐག་གཅོད་བྱེད་དགོས་པ་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས། བོད་ནང་འགྲོ་བ་མིའི་ཐོབ་ཐང་མེད་པ་ཤེས་རྟོགས་ཡོང་ཆེད་དང་། རྒྱ་ནག་དམར་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འཐུས་མིའི་འོས་བབ་མེད་པའི་བརྡ་ལན་གསལ་པོ་བསྟན་པ་ཞིག་ཡིན་ཞེས་བརྗོད་ཆོག དེས་ན་རྒྱལ་སྤྱིའི་གཞུང་དང་གཞུང་འབྲེལ་མ་ཡིན་པ་ཚང་མས། ད་ལྟའི་བོད་ཀྱི་དངོས་ཡོད་གནས་སྟངས་ལ་ཐུགས་འཁུར་གྱིས། རྒྱ་ནག་གཞུང་ལ་བོད་དུ་རང་ལུས་མེར་སྲེག་གཅིག་མཇུག་གཉིས་མཐུད་བྱེད་ནས་ཡོང་བཞིན་པར་འགན་འཁྱེར་དགོས་པ་དང་། རྒྱལ་ཚོགས་དང་རྒྱལ་ཁབ་ཁག་གི་འཐུས་མི་ཚོ་བོད་དུ་དངོས་ཡོད་ཀྱི་གནས་ཚུལ་རྟོག་ཞིབ་ཆེད་ངེས་པ་དུ་འགྲོ་བསྐྱོད་ཐུབ་པ་བྱེད་དགོས་ཞེས་འབོད་སྐུལ་ནན་གྱིས་ཞུ་ རྒྱུ་ཡིན།

ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༢ ལ།