རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཚུལ་ཁྲིམས་ལགས་ཀྱིས་སྐུ་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གནང་སྟེ་སྐུ་གཤེགས་པ་དང་། རྒྱལ་གཅེས་དཔའ་མོ་སྒྲོལ་དཀར་མཚོ་ལགས་སྐུ་གཤེགས་རྗེས་རྒྱ་གཞུང་གིས་དམ་དྲག་བྱེད་བཞིན་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཚུལ་ཁྲིམས་ལགས།རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཚུལ་ཁྲིམས་ལགས།ཕྱི་ལོ་༢༠༡༢ ཟླ༨་ཚེས་ ༦ ཉིན་མདོ་སྨད་རྔ་པ་ནས་རང་ལུས་མེ་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ཞི་རྒོལ་གནང་མཁན་རྔ་པ་ཀིརྟི་དགོན་པའི་རང་ལོ་༢༡ ཡིན་པའི་རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཚུལ་ཁྲིམས་ལགས། ཉིན་དེའི་བོད་ནང་གི་མཚན་མོའི་ཆུ་ཚོད་༡༢ ཙམ་ལ་འབར་ཁམས་སྨན་ཁང་དུ་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་མ་ཐག འབྲེལ་ཡོད་ཚོས་སྐུ་ཕུང་ནང་མིར་རྩིས་སྤྲོད་བྱེད་རྒྱུའི་རེ་འདུན་ཞུས་ཀྱང་དང་ལེན་མ་བྱས་པར་མ་ཟད། རྒྱ་ནག་གཞུང་གིས་མེར་བསྲེགས་བཏང་སྟེ་རུས་ཐལ་ཞིག་མ་གཏོགས་ནང་མིར་རྩིས་སྤྲོད་བྱས་མི་འདུག་པ་དང་། ཕྱི་ཚེས་ ༧ ཉིན་གྱི་མཚན་མོར་འབྲེལ་ཡོད་དགེ་འདུན་པ་བཞིས་ཁོང་གི་རུས་ཐལ་ཀིརྟི་དགོན་པའི་རྒྱབ་ཀྱི་དུར་སའི་ནང་བསྐྱལ་ཡོད་འདུག
ཁོང་གིས་རང་ལུས་མེར་བསྲེགས་བཏང་སྟེ་གོམ་པ་བཅུ་གྲངས་ཤིག་ལ་ཕེབས་སྐབས། ༸གོང་ས་མཆོག་བོད་ལ་ཕེབས་འཇུག་དགོས།༸ སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། ཀིརྟི་དགོན་པའི་སློབ་གྲྭ་སྒོ་ཕྱེ་དགོས། ཞེས་སྐད་འབོད་གནང་ཡོད་འདུག ད་དུང་ཁོང་གིས་ཤུལ་དུ་ཁ་ཆེམས་ཤིག་བཞག་ཡོད་རབས་འདུག་ཀྱང་ད་སྔ་ལག་སོན་བྱུང་མི་འདུག
རྒྱལ་གཅེས་དཔའ་བོ་ཁོང་ནི། རྔ་པ་རྫོང་གཅའ་ཡུལ་ཚོ་རྭ་རུ་བའི་རྗའ་དར་ཚང་གི་ཡིན་ཞིང་། ཕ་དབང་ཚེ་དང་མ་སྒྲོན་དཀར་སྐྱིད་གཉིས་ཀྱི་བུ་ཡིན་པ་དང་། ཆུང་དུས་ནས་རྔ་པ་ཀིརྟི་དགོན་པར་གྲྭ་པ་བྱས་ཏེ། དེང་སྐབས་ཐོས་བསམ་གླིང་གྲྭ་ཚང་གི་རྟགས་རིགས་འཛིན་གྲྭ་ཡིན་འདུག
རྒྱལ་གཅེས་དཔའ་མོ་སྒྲོལ་དཀར་མཚོ་ལགས།རྒྱལ་གཅེས་དཔའ་མོ་སྒྲོལ་དཀར་མཚོ་ལགས།གཞན་ཡང་། ཟླ༨ ཚེས༦ ཉིན་རྒྱལ་གཅེས་དཔའ་མོ་སྒྲོལ་དཀར་མཚོ་ལགས། མནའ་མར་ཕྱིན་པའི་གནས་ཡུལ་བར་མའི་ནང་སྡེ་བ་ནས་མོའི་ཁྱོ་ག་དང་མཉམ་དུ་ཕ་ཡུལ་རྟ་སར་སྡེ་བར་ཞག་འདུག་བྱས་ཤིང་། ཕྱི་ཚེས་༧ ཉིན་གཙོས་དགའ་ལྡན་ཆོས་གླིང་དུ་ཕྱིན་ཏེ། གཙོས་སྲས་མཁར་དགུ་ཐོག་དང་། དགོན་པའི་འདུ་ཁང་དང་ལྷ་ཁང་། སྲུང་མ་ཁང་སོགས་སུ་མཆོད་མཇལ་གྲུབ་སྟེ། དགོན་མཐའི་སྐོར་ལམ་མཆོད་རྟེན་གྱི་ཉེ་འགྲམ་དུ། གྱོན་གོས་ཆ་ཚང་ཕུད་ཅིང་། སྐུ་ལུས་ལ་སྣུམ་བཤོས་ཏེ། མེ་བསྒྲོན་བཞིན། སྐད་གསང་མཐོན་པོས་། ༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། བོད་ལ་རང་དབང་དགོས། ཞེས་འབོད་སྒྲ་སྒྲོག་བཞིན། རྒྱ་གཞུང་གི་གདུག་རྩུབ་སྲིད་བྱུས་ལ་ངོ་རྒོལ་གནང་བར། སྐོར་བར་འགྲོ་མཁན་ཚོས་མེ་བསད་ཅིང་དགེ་འདུན་པ་ཁ་ཤས་ཀྱང་ཕེབས་ནས་གཟིགས་སྐབས་ཁོང་མོས་ང་རང་རྒྱ་ལག་ཏུ་མ་འཇོག ཨ་ཁུ་ལོ་ལོ་ཞེས་རེ་བཏོན་པ་དང་། གྲྭ་བ་ཚོས་དགོན་པའི་དོ་དམ་ཁང་ནང་གདན་ཞུས་ཀྱིས་བདག་གཅེས་བྱེད་སྐབས། ཁྱིམ་མི་རྣམས་ཐོན་ནས་ཁྱེད་རྣམས་ལ་བཀའ་དྲིན་ཆེ། ད་འདིར་བཞག་ན་དགོན་པར་གནོད་སྐྱེལ་སྲིད་པས་ཕ་ཡུལ་དུ་ཁྱེར་འགྲོ་ཟེར་བས། བླ་བྲང་དགོན་པའི་དགེ་འདུན་པས་སྨོན་ལམ་གནང་བ།བླ་བྲང་དགོན་པའི་དགེ་འདུན་པས་སྨོན་ལམ་གནང་བ།དགེ་འདུན་པ་ཚོས་ཁྱེད་ཚོས་མགོ་ཐོན་ཁག་པོ་ཡིན་པས་ང་ཚོས་བདག་པོ་རྒྱག་ཅེས་གྲོས་ཡང་ཡང་བྱས་མཐར། ཕ་ཡུལ་དུ་གདན་འདྲེན་ཞུ་བའི་ལམ་ཁར་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག དེ་ནས་མནའ་མར་འགྲོ་སའི་བར་མའི་ནང་སྡེ་བར་གདན་འདྲེན་ཞུ་སྐབས་རླངས་འཁོར་ཆུང་བ་མང་པོ་སླེབས་ཏེ་བསྐྱེལ་མ་མཛད་ཅིང་། སྡེ་བའི་ནང་སླེབས་དུས་རླངས་འཁོར་བརྒྱ་ཕྲག་བརྒལ་པ་སླེབས་པར་མ་ཟད། གཙོས་ས་ཁུལ་གྱི་གྲོང་སྡེ་ཕལ་མོ་ཆེའི་མི་ཚོགས་འདུ་འཛོམས་ཀྱིས་ཁ་བཏགས་གཡོགས་ཏེ་གུས་བརྕི་ཡི་རངས་བྱས་པ་དང་། དགེ་འདུན་པ་ཚོས་སྨོན་ལམ་གསུང་འདོན་གནང་ཡོད་འདུག ཉིན་དེའི་བོད་ནང་གི་ཆུ་ཚོད་ ༡༠ ཡོལ་ཙམ་ལ་རྒྱ་གཞུང་གི་ཉེན་རྟོག་པ་མང་པོ་ཞིག་དགོན་པའི་ནང་འཛུལ་ཏེ། དགོན་པར་གནས་མཇལ་བ་དང་གྲྭ་མང་ཚོས་ཁོང་མོའི་སྐུ་ཕུང་དགོན་པའི་ནང་ཉར་བར་ཉེས་འགེལ་བྱས་ཏེ། གྲྭ་ཆོས་འཕེལ་དང་། ཤེས་རབ། བརྩོན་འགྲུས་གསུམ་འཛིན་བཟུང་བྱས་ཡོད་འདུག་ཀྱང་། ཚེས་༨ ཀྱི་ཞོགས་པར་ཤེས་རབ་དང་གྲྭ་བརྩོན་འགྲུས་གཉིས་ཕྱིར་གློད་གྲོལ་བཏང་ཡོད་ཀྱང་། འདི་ཉིན་ཞོགས་པའི་བོད་ནང་གི་ཆུ་ཚོད་༥ པ་ཙམ་ལ་སླར་ཡང་ཉེན་རྟོག་པའི་རླངས་འཁོར་བཅུ་གྲངས་ཤིག་དགོན་པའི་ནང་འབྱོར་ཏེ། གྲྭ་བ་ ༡༧ ཙམ་གོང་གི་དོན་རྐྱེན་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་ཀྱིས་འཛིན་བཟུང་བྱ་རྩིས་སྐབས། གྲྭ་མང་མཉམ་རུབ་ཀྱིས་ཕྱིར་བཀག་ཡོད་པ་དང་། ས་གནས་ཡུལ་མི་དང་གྲྭ་མང་འདུ་ཁང་མདུན་དུ་འཛོམས་ཏེ། གྲྭ་ཆོས་འཕེལ་ཕྱིར་རྩིས་སྤྲོད་མ་བྱས་ཚེ། སྐྱ་སེར་གཉིས་ཀས་ཡར་ལངས་རྒྱག་རྒྱུ་ཡིན་ཞེས་བརྗོད་ཀྱང་། ཉེན་རྟོག་པ་ཚོས་ཆོས་འཕེལ་ཟེར་བ་ཞིག་བཟུང་མེད་ཅེས་ངོས་ལེན་བྱས་མི་འདུག
རྒྱ་ནག་གི་དམ་དྲག་བྱེད་བཞིན་པ།རྒྱ་ནག་གི་དམ་དྲག་བྱེད་བཞིན་པ།ཕྱི་ཚེས་༧ ཉིན་བོད་ནང་གི་ཆུ་ཚོད་༡།༣༠ སྟེང་རྒྱལ་གཅེས་དཔའ་མོ་སྒྲོལ་དཀར་འཚོ་ལགས་འདས་གྲོངས་སུ་ཕྱིན་པར། བསྔོ་སྨོན་དང་ནང་མིར་སེམས་གསོའི་ཆེད་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་གྲྭ་རྒྱུན་དང་། ཕྱོགས་ཕེབས་ཀྱི་སློབ་གཉེར་བ་བཅས་དགེ་འདུན་པ་ཞལ་གྲངས་༣༠༠ ལྷག་གིས་སྒེར་ངོས་ནས་རླངས་འཁོར་མང་པོ་ཞིག་གླས་ཏེ་གཙོས་ཕྱོགས་སུ་བསྐྱོད་སྐབས་། བསང་ཆུ་རྫོང་ཆོས་ལུགས་ལས་ཁུངས་དང་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་བཅས་ཀྱི་མི་སྣ་འབྱོར་ཏེ། ཁྱེད་ཅག་འདི་ལྟར་གཙོས་ས་ཁུལ་དུ་བསྐྱོད་པ་ནི་ཁྲིམས་འགལ་ཡིན་པ་དང་། གལ་ཏེ་ཨུ་ཚུགས་ཀྱིས་འགྲོ་རྒྱུ་ཡིན་ཟེར་ན་རླངས་འཁོར་རྣམས་གཞུང་བཞེས་གཏོང་རྒྱུ་ཡིན་ཚུལ་སོགས་བརྗོད་ཡོད་པར་མ་ཟད། གནས་ཚུལ་འདིའི་མགོ་རྔར་ཞིབ་འཇུག་གིས་གཙང་སེལ་བཟོ་རྒྱུ་ཡིན་ཚུལ་སོགས་འཇིགས་སྐུལ་དང་བཙན་ཤེད་སྣ་ཚོགས་བྱེད་སྐབས། གྲྭ་མང་གིས་ཉན་འཇོག་མ་བྱས་པར་རླངས་འཁོར་མེད་ཀྱང་སྐྱོན་མེད། རྐང་ཐང་ལ་འགྲོ གང་ནས་བཀག་ན་དེ་ནས་ཞི་རྒོལ་བྱ་རྒྱུ་ཡིན་གསུངས་ཏེ། དགེ་འདུན་པ་ཡོངས་དགོན་མཐའི་གཞུང་ལམ་སྟེང་ཞབས་ཐང་གིས་བསྐྱོད་སྐབས། དགོན་པའི་དོ་དམ་ཁང་གི་མི་སྣ་ཕེབས་ཏེ། གྲྭ་མང་ལ་ཞུ་བ་འཐེན་ཞིང་གོ་བསྐོན་སློབ་གསོ་སྣ་ཚོགས་བྱས་སྟབས། ཕར་ཚུར་ཕྱོགས་གཉིས་ཀ་ཧ་ཅང་སྐྱོ་ལྷང་ལྷང་ཆགས་ཤིང་། མཐར་གྲྭ་མང་བླ་བྲང་བཀྲ་ཤིས་འཁྱིལ་ནང་བསྟན་སློབ་གྲྭའི་སྒོ་མདུན་གྱི་གཞུང་ལམ་སྟེང་བཞུགས་ཏེ། སྨོན་ལམ་གསུང་འདོན་གནང་མགོ་བརྩམས་པར་དགེ་འདུན་པ་ཇེ་མང་དུ་སོང་སྟེ་གདུང་སེམས་མཉམ་སྐྱེད་ཀྱིས་གདོང་པ་མིག་ཆུས་བརླན་ཏེ་ཉེ་འཁོར་གྱི་ས་གནས་མང་ཚོགས་དང་མཉམ་དུ་མྱ་ངན་གུས་བརྩི་བྱས་ཡོད་འདུག
གཙོས་དགོན་པ།གཙོས་དགོན་པ།
རྒྱལ་གཅེས་དཔའ་མོ་སྒྲོལ་དཀར་མཚོ་ལགས་ནི། སློབ་གྲྭར་འགྲོ་མྱོང་མེད་པའི་ཞིང་པ་དཀྱུས་མ་ཞིག་ཡིན་ཀྱང་། ནམ་རྒྱུན་བོད་དོན་སྐོར་གླེང་སློང་བྱེད་པ་དང་༧གོང་ས་མཆོག་སོགས་བརྙན་འཕྲིན་ལས་མཐོང་སྐབས། མིག་ཆུ་ཤར་ཤར་དུ་བཞུར་ཏེ་མི་རིགས་ཀྱི་ལར་ཞེན་གནོན་མེད་ཡོད་མཁན་ཞིག་ཡིན་པ་དང་། ཕ་མིང་ལ་འབྲུག་རྒྱལ་མཁར། ལོ་ ༥༡ དང་། མ་མིང་ལ་སངས་རྒྱས་མཚོ། ལོ་ ༥༥ ཁྱོ་གའི་མིང་ལ་པདྨ་དོན་གྲུབ་ཟེར་ཞིང་ལོ་ ༢༤། ཁོང་གཉིས་ལ་ཕྲུ་གུ་གཉིས་ཡོད་པ་ལས། ཆེ་བ་བུ་མོ་བནྟེ་མཚོ། རང་ལོ་ ༥ དང་། ཆུང་བ་བུ་ཡུམ་སྐྱབས་ཚེ་རིང་རང་ལོ་ ༣ ཡིན་འདུག དེ་ལྟར་ན། རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཚུལ་ཁྲིམས་ལགས་དང་། རྒྱལ་གཅེས་དཔའ་མོ་སྒྲོལ་དཀར་མཚོ་ལགས་གཉིས་བརྩིས་པས། ཕྱི་ལོ་ ༢༠༠༩ ནས་ད་ལྟའི་བར་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་མི་གྲངས༤༦ པ་དེ་ཆགས་ཡོད་ལ། རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཚུལ་ཁྲིམས་ལགས་ནི།རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་སུ་གྱུར་པ་མི་གྲངས་༣༦ པ་དེ་ཆགས་ཡོད།
གཙོས་གྲོང་ཁྱེར།གཙོས་གྲོང་ཁྱེར།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ནང་རང་ལུས་མེར་བསྲེགས་དང་། དམར་གསོད་ཀྱི་དོན་རྐྱེན་བྱུང་རིམ་བཞིན་གསར་འགོད་བསྒྲགས་གཏམ་རིམ་སྤེལ་བྱས་ཡོད་པའི་ནང། བོད་ནང་གི་དོན་རྐྱེན་དེ་དག་ནི་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་དང་ཕྱོགས་སུ་ལྷུང་བའི་སྲིད་བྱུས་ལ་བརྟེན་ནས་ཡོང་གི་ཡོད་པས། ཇི་སྲིད་བོད་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་སྒྱུར་བཅོས་མ་བཏང་བ། དེ་སྲིད་དུ་བོད་ཆོལ་ཁ་གསུམ་ནང་རང་ལུས་མེར་བསྲེགས་སོགས་ཀྱིས་མཚོན་ལས་འགུལ་སྣ་ཚོགས་ཡོང་སྲིད་པས། དེ་དག་གི་འགན་ཆ་ཚང་རྒྱ་གཞུང་གིས་འཁྱེར་དགོས་པ་ལས་གཞུང་སྒེར་སུ་ལའང་ཡ་ལན་ སྤྲོད་ས་མེད།
ད་ལྟའི་སྐབས་རྒྱ་ནག་གཞུང་གིས་རྒྱུན་ལྡན་ལྟར། བོད་ནང་རང་ལུས་མེར་བསྲེགས་དང་མི་མང་འདུ་འཛོམས་ཀྱིས་ཞི་རྒོལ་སོགས་བྱུང་སྐབས། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས། ལས་འགུལ་བ་མི་སྒེར་བཅས་ལ་བསྙོན་འཛུགས་སྣ་ཚོགས་བྱས་ཏེ། རྒྱལ་ཁབ་འདྲ་མིན་ནང་བརྒྱུད་ལམ་སྣ་ཚོགས་ལ་འགྲོ་གྲོན་ཕོན་ཆེན་བཏང་སྟེ། ལོག་པའི་ཁྱབ་བསྒྲགས་སྣ་ཚོགས་བྱས་དང་བྱེད་བཞིན་ཡོད་པ་དང་། ཉེ་ལམ་བོད་རིག་པ་མཁས་ཅན་སྐུ་ཚབ་ཚོགས་པ་ཟེར་བ་ཨ་རི་དང་ཁེ་ན་ཌ་སོགས་རྒྱལ་སྤྱིའི་ཐོག་སྐོར་བསྐྱོད་ཀྱིས་བོད་ནང་རང་ལུས་མེར་བསྲེགས་ཀྱི་རྒྱབ་ལྗོངས་རྒྱལ་ཁབ་ཕྱི་ལོགས་ཀྱི་ཆབ་སྲིད་དང་ཆོས་ལུགས་ལས་རིགས་ཁག་ནས་ངན་བསྐུལ་བྱས་པ་སོགས་མ་རུང་ཁོག་བཅངས་ཀྱི་རྒྱུ་མཚན་བཞི་སོགས། ལོག་པའི་དྲིལ་བསྒྲགས་སྣ་ཚོགས་འཆར་གཞི་དང་གོ་རིམ་ཡོད་པའི་ཐོག་བྱས་དང་བྱེད་བཞིན་པ་དང་། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་འབྲེལ་ཡོད་དཔོན་རིགས་ནས་ཀྱང་རྒྱ་ནག་གི་རྩ་ཁྲིམས་སུ་གསལ་བའི་གྲངས་ཉུང་མི་རིགས་ཀྱི་གནས་བབ་ཕྱིར་བསྡུ་བྱེད་དགོས་ཀྱི་བསམ་ཚུལ་ཡན་ཆད་རྩོམ་ཡིག་ཏུ་སྤེལ་ནས། ཁྲིམས་གསལ་རང་སྐྱོང་གི་གཞི་རྩ་མེད་པ་བཟོ་རྒྱུའི་ལྐོག་གཡོ་བཤམས་པ་སོགས་རང་ཉེས་གཞན་འགེལ་བྱེད་བཞིན་ཡོད། རྒྱ་ནག་གཞུང་གིས་འཆར་ཅན་བརྗོད་བཞིན་པ་ལྟར་བོད་ནང་བདེ་སྐྱིད་ལྡན་པ་དང་ཆོས་དད་རང་དབང་ཡོད་པ་གལ་ཏེ་བདེན་པ་ཡིན་ན། བོད་ནང་རྒྱལ་སྤྱིའི་གསར་འགོད་པ་དང་རྟོག་ཞིབ་པ་བཀག་འགོག་བྱེད་དགོས་པའི་རྒྱུ་མཚན་མེད་ལ། འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན་ལ་དགའ་བའི་སྲིད་གཞུང་ཚོས། བོད་ནང་གི་དངོས་ཡོད་གནས་སྟངས་རྟོགས་ཆེད། རྒྱལ་ས་ལྷ་སའི་ནང་འབྲེལ་མཐུད་ལས་ཁུངས་འཛུགས་འཆར་ཡོད་པ་བཅས་བཀག་འགོག་བྱེད་དགོས་པའི་རྒྱུ་མཚན་དེ་བས་མེད།
ཉེ་བའི་ཆར་རྒྱ་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ནས་མདོ་སྟོད་སྨད་གཙོས། ལྷ་ས་བ་མིན་པའི་བོད་མི་རྣམས་ཕྱིར་འབུད་བཏང་བ་དང་། རྒྱ་མི་ལས་གཞན་བོད་མི་རྣམས་ལྷ་སར་ཡོང་མི་ཐུབ་པ་སོགས་མི་རིགས་དབྱེ་འབྱེད་ དང་། རོགས་རམ་གྱི་མིང་འོག་ནས་བོད་རིགས་སློབ་ཐོན་པ་ཚོ་རྒྱ་ནག་གི་ས་ཁུལ་ཁག་ཏུ་གཏོང་བ་དང་། བོད་ཀྱི་ས་ཁུལ་དུ་རྒྱ་རིགས་སློབ་ཐོན་པ་ཚོར་ལས་ཀའི་གོ་སྐབས་སྤྲོད་པ་སོགས་ཀྱི་སྲིད་བྱུས་སྣ་ཚོགས་ཤིག་ལག་བསྟར་བྱེད་བཞིན་པ་འདི། བོད་རིགས་བོད་སར་གནས་མི་ཐུབ་པ་དང་། བོད་ཡུལ་རྒྱ་ཡུལ་ཅན་དུ་བསྒྱུར་བའི་སྲིད་བྱུས་ཤིག་ཡིན་པས། རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་རྒྱལ་ཁབ་ཁག་གིས། རྒྱ་གཞུང་གིས་བོད་མི་ཚོར་སྡུག་སྦྱོང་མནར་གཅོད་གཏོང་བཞིན་ཡོད་པ་དང་། བོད་མི་ཚོའི་ཚེ་སྲོག་དང་འབོད་སྒྲ་རྣམས། འགྲོ་བ་མིའི་ཚེ་སྲོག་དང་ཐོབ་ཐང་རྩོད་པའི་འབོད་སྒྲ་ཡིན་པ་ཤེས་བཞིན་དུ། ད་དུང་ཡང་ཉིན་འགྱངས་ཞག་ཕུད་བྱས་ནས་དེ་མུར་བཞག་ན། དྲང་བདེན་དང་ཞི་བདེ་ལ་མོས་པའི་འགྲོ་བ་མི་ཀུན་གྱི་ཡིད་ཆེས་དང་རེ་བ་བརླག་ངེས་པ་དང་། ས་ཡི་གོ་ལའི་ཁྱོན་ལ་ཉེས་ཅན་རྒྱ་ཡན་དུ་འགྲོ་རྒྱུ་ཡིན་པས། ངེས་པར་དུ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་སྒྱུར་བཅོས་ཡོང་བར་གནོན་ཤུགས་སྤྲོད་དགོས་ཞེས་ནན་བརྗོད་བྱེད་རྒྱུ་ཡིན།།
ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་༡༠༡༢ ཟླ་༨ ཚེས་༩ ཉིན།