རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་དགེ་འདུན་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་འདས་གྲོངས་སུ་གྱུར་པ་དང། ཆབ་ཆ་ཁུལ་གྱི་སློབ་མ་མང་པོ་འཛིན་བཟུང་འདྲི་རྩད་ཀྱིས་དམ་དྲག་ཤུགས་ཆེ་བྱེད་བཞིན་པའི་སྐོར་བོད་མི་མང་སྤྱི་ལྷན་ཀྱི་གསར་འགོད་བསྒྲགས་གཏམ།

 

ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༣ ཉིན་གྱི་བོད་ནང་གི་དགོང་མོའི་ཆུ་ཚོད་ ༧།༤༥ ཡས་མས་སུ་མགོ་ལོག་པདྨ་རྫོང་སེ་ལེ་ཐང་ཡུལ་ཚོའི་པད་ནག་དགོན་ཀ་དག་སྤྲོས་བྲལ་གླིང་གི་གྲྭ་པ་རང་ལོ་ ༢༩ ཡིན་པ་བློ་བཟང་དགེ་འདུན་ལགས་ཀྱིས་རྒྱ་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་དགེ་འདུན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བཞིན་པའི་རྣམ་པ།རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་དགེ་འདུན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བཞིན་པའི་རྣམ་པ།རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་དགེ་འདུན་ལགས་ཀྱིས་སྐུ་ཕུང་།རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་དགེ་འདུན་ལགས་ཀྱིས་སྐུ་ཕུང་།

དེ་ཡང་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་བྱུང་བར་གཞིགས་ན། རྒྱལ་གཅེས་དཔའ་བོ་ཁོང་གིས་རང་ལུས་མེར་བསྲེགས་གནང་སའི་ས་གནས་ནི། མགོ་ལོག་པདྨ་རྫོང་གི་སུམ་མདོར་པདྨ་འདབས་བརྒྱད་ཀྱི་འཇིམ་བརྙན་ཞིག་ཡོད་པ་དེའི་ཡར་འདབས་སུ་ཡིན་ཞིང། ཁོང་གིས་རང་ལུས་མེ་རུ་བསྒྲོན་རྗེས་ལག་གཉིས་ཐལ་མོ་སྦྱར་ཏེ་སྐད་འབོད་བྱེད་བཞིན་༼འབོད་ཚིག་གསལ་ཁ་བྱུང་མེད།༽མདུན་དུ་གོམས་པ་ ༣༠༠ ཙམ་རྒྱུགས་ཏེ་སར་འགྱེལ་ཡོད་པ་དང་། སྐབས་དེར་ས་གནས་ཉེན་རྟོག་པ་དང་དམག་མི་སླེབས་ནས་ཁོང་གི་སྐུ་ཕུང་བཙན་འཁྱེར་བྱེད་རྩིས་བྱས་ཡོད་ཀྱང་། ས་གནས་མང་ཚོགས་ཀྱིས་ཁོང་གི་སྐུ་ཕུང་རྒྱ་དམག་ལ་འཁྱེར་མ་བཅུག་པར་རང་དགོན་དུ་གདན་འདྲེན་ཞུས་ཐུབ་ཡོད་འདུག

རྒྱལ་གཅེས་དཔའ་བོ་བློ་བཟང་དགེ་འདུན་ལགས།རྒྱལ་གཅེས་དཔའ་བོ་བློ་བཟང་དགེ་འདུན་ལགས།དཔའ་བོ་ཁོང་གི་སྐུ་ཕུང་རང་དགོན་དུ་གདན་འདྲེན་ཞུས་རྗེས། པད་ནག་སྡེ་བའི་མི་མང་ཚོ་རྒྱལ་གཅེས་པ་ཁོང་གི་སྐུ་ཕུང་ལ་ཁ་བཏགས་བསྒྲོན་པ་དང་། ཤུལ་ལུས་ནང་མི་རྣམས་ལ་སེམས་གསོ། གདུང་སེམས་མཉམ་སྐྱེད་ཆེད་མཆོད་མེའི་ཞལ་འདེབས་ཕུལ་བ་དང་། བསྔོ་བ་སྨོན་ལམ་བཅས་གནང་གཞིན་ཡོད་འདུག་ལ། ཕྱོགས་ཡར་མར་ཀྱི་བོད་རིགས་མང་པོ་པད་ནག་དུབ་སྐྱོད་ཡོད་ཀྱང་གོང་འོག་གི་ལམ་ཁ་ཚང་མ་དམག་མི་དང་ཉེན་རྟོག་པས་བཀག་འགོག་བྱས་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་འདུག

རྒྱལ་གཅེས་དཔའ་བོ་ཁོང་གི་ཕའི་མཚན་ལ་མགོ་ལོག་ལོ་ཁོ་དང་། མའི་མཚན་ལ་ས་འགོ་བདེ་དབང་། དེ་བཞིན་དུ་སྤུན་མཆེད་ཚེ་ཆུང་དང་། སྲིང་མོ་སྐྱ་ཅོ། གསེར་མཚོ། པོ་སྡེས། པད་དཀར་སོགས་ནང་མི་བཅུ་གཅིག་ཡོད་འདུག

ཡང་ཉེ་ཆར་ཕྱི་ཟླ ༡༡ ཚེས་ ༢༦ ཉིན་བོད་མདོ་སྨད་མཚོ་ལྷོ་ཁུལ་གྱི་སྲིད་འཛིན་ལྟེ་གནས་གྲོང་ཁྱེར་ཆབ་ཆ་རུ་བྱུང་བའི་ཁུལ་གསོ་རིག་སློབ་གྲྭའམ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མས་ཞི་བའི་ངོ་རྒོལ་ཁྲོམ་སྐོར་ལ།  རྒྱ་གཞུང་དྲག་ཆས་དམག་མི་ཆེད་གཏོང་གིས་དྲག་གནོན་བཀག་སྡོམ་བྱས་རྗེས། ཕྱི་ཚེས་ ༢༨ ཉིན་ཆབ་ཆ་གྲོང་ཁྱེར་ཁུལ་གྱི་སློབ་གྲྭ་ཁག་དང་རྫོང་ཁག་སོ་སོའི་སློབ་གྲྭ་བཅས་སུ་༼ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མ་ཁ་ཤས་ཀྱིས་ཟླ་ ༡༡ པའི་ཚེས་ ༢༦ ཉིན་ཁྲིམས་འགལ་གྱི་ཁྲོམ་སྐོར་བྱས་པའི་དོན་རྐྱེན་གནས་ཚུལ་སྐོར་གྱི་བརྡ་ཁྱབ༽ཞེས་པ་ཞིག་འགྲེམས་བསྒྲགས་བྱས་ཏེ། སྤྱི་ཚོགས་ནང་བརྒྱུད་སྒྲོག་བྱེད་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག

གནས་ཚུལ་བྱུང་བར་གཞིགས་ན། ས་གནས་ཉེན་རྟོག་པས་ངོ་རྒོལ་ཁྲོམ་སྐོར་སྐབས་འཕྲེད་དར་འཕྱར་མཁན་གྱི་སློབ་ཕྲུག་ ༤  ལ་འཇུ་བཟུང་འདྲི་གཅོད་བྱས་རྗེས་སློབ་གྲྭས་ཕྱིར་འཁྲིད་ཡོད་པ་དང་།  དེ་མིན་ཞི་རྒོལ་ཁྲོམ་སྐོར་རྩ་འཛུགས་དང་སྣེ་ཁྲིད་བྱེད་མཁན་གྱི་དོགས་ཡོད་སློབ་ཕྲུག་ ༧ འཛིན་བཟུང་བཙན་འཁྲིད་ཀྱིས་འདྲི་གཅོད་གཅར་རྡུང་ཚད་ལས་འདས་པ་བྱས་ཡོད་པ་མ་ཟད། ཁོ་ཚོའི་ཁྲོད་ནས་སློབ་ཕྲུག་ ༡ ལ་ཁྲོམ་སྐོར་སྐབས་རྨས་སྐྱོན་ཕོག་སྟེ་སྨན་བཅོས་བྱ་དགོས་བྱུང་ཡོད་ཀྱང་། ཕྱི་ཚེས་ ༢ ཉིན་ཉེན་རྟོག་པས་སྨན་ཁང་ནས་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ཡོད་འདུག  སློབ་ཕྲུག་དེ་དག་སོ་སོའི་ཕ་མ་དང་དགེ་རྒན། སློབ་གྲོགས་སུ་གང་ལའང་ཐུག་འཕྲད་བྱེད་འཇུག་གི་མེད་པ་མ་ཟད། ད་ལྟའི་ཆར་ཁོ་ཚོ་གང་ཞིག་ཏུ་བཀག་སྐྱིལ་བྱས་ཡོད་མེད་དང་གནས་སྟངས་ཅི་འདྲ་ཆགས་ཡོད་མེད་བཅས་ཤེས་རྟོགས་དཀའ་བའི་གནས་སུ་ལྷུང་ཡོད་འདུག

གཞན་ཡང་གནས་ཚུལ་འབྱོར་བར་གཞིགས་ན། ཟླ་སྔོན་མའི་ཕྱི་ཚེས་ ༢༩ ཉིན་བོད་མདོ་སྨད་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་༼རྒྱ་སྐད་དུ་གོང་ཧུ་ཞན༽མི་རིགས་སློབ་འབྲིང་གི་སློབ་མ་རྣམས་ཀྱིས་ཀྱང་ཞི་བའི་ངོ་རྒོལ་ཁྲོམ་སྐོར་སྤེལ་རྩིས་བྱས་ཡོད་ཀྱང་། སློབ་གྲྭའི་སྒོ་ཆེན་དུ་དྲག་ཆས་ཉེན་རྟོག་པ་དང་འབྲེལ་ཡོད་སྡེ་ཁག་གི་མི་སྣས་བཀག་འགོག་བྱས་ཏེ། སློབ་མ་རྣམས་བཙན་ཤུགས་ཀྱིས་ཕྱིར་སློབ་གྲྭའི་ནང་སློག་ཡོད་པ་མ་ཟད།  ཕྱི་ཚེས་ ༣༠ ཉིན་སློབ་གྲྭར་གུང་གསེང་བཏང་སྟེ་སློབ་མ་རྣམས་སོ་སོའི་ཁྱིམ་དུ་བཏང་ཡོད་པ་དང་། སློབ་ཕྲུག་ཚོར་ཡར་ལངས་ཁྲོམ་སྐོར་གྱི་གནས་ཚུལ་རིགས་སྤྱི་ཚོགས་ཁྲོད་བརྒྱུད་སྒྲོག་བྱེད་མི་ཆོག་པའི་བཙན་བཀའ་ཡང་བཏང་ཡོད་འདུག

མདོར་ན་བོད་མདོ་སྨད་མཚོ་ལྷོ་ཁུལ་དང། རེབ་གོང་ཁུལ་དུ་སློབ་ཕྲུག་ཚོས་ཡར་ལངས་ཞི་རྒོལ་གྱི་ལས་འགུལ་གཅིག་མཇུག་གཉིས་མཐུད་སྤེལ་རྗེས། ད་ཆ་རྒྱ་གཞུང་གིས་དྲག་ཆས་ཉེན་རྟོག་པ་དང། ཉེན་རྟོག་པ། ལས་ཁུངས་ཁག་གི་ལས་བྱེད། མཐའ་ན་ལན་ཀྲུའུ་དམག་ཁུལ་ཁང་ནས་དམག་མི་དངོས་ཆེད་བཏང་གིས་ཉམ་ཆུང་བོད་མི་རྣམས་ལ་འཇིགས་བསྐུལ་རྔམ་སྟོན་དང། དྲག་གནོན་རྡུང་རྡེག་གི་དམ་དྲག་ཚབས་ཆེན་བྱས་ཏེ། གཞིས་ལུས་བོད་མི་རྣམས་སྡུག་བསྔལ་ཚད་ལས་འདས་པའི་འོག་མནར་བཞིན་ཡོད་འདུག

དེ་ལྟར་ན།   ཕྱི་ལོ་ ༢༠༠༩ ནས་ཕྱི་ལོ་ ༢༠༡༢ ཟླ ༡༢ ཚེས་ ༣ བར་བོད་ནང་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་དངོས་ར་གསལ་འཕྲོད་བྱུང་བ་གྲངས་ ༩༢ བྱུང་བ་དང།   དེའི་ནང་དུ་འདས་གྲོངས་སུ་གྱུར་བ་མི་གྲངས་ ༧༧ བྱུང་ཡོད།

དེར་བརྟེན་རྒྱ་ནག་གཞུང་གིས་ད་དུང་བོད་ནང་དུ་གཡོན་ཐལ་ནོར་འཁྲུལ་ཅན་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱས་ན། བོད་ས་ཁྱོན་ཡོངས་སུ་གནས་ཚུལ་འདི་ལས་ཐབས་སྡུག་ཏུ་འགྱུར་སྲིད་ལ།   ཕྱི་ཟླ་ ༡༡ ཚེས་ ༧ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཡོངས་བསྒྲགས་གསར་འགོད་ལྷན་ཚོགས་བསྐྱངས་པའི་དོན་གནད་ཁག་ལ་རྒྱ་གཞུང་གིས་ཡ་ལན་བསམ་གཞིགས་གང་ཡང་བྱས་མེད་པར་བརྟེན། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱལ་སྤྱིའི་ཁྱོན་ཡོངས་སུ་གསལ་བསྒྲགས་ཞུ་བསྐུལ་དང་ལས་འགུལ་གཞི་རྒྱ་ཆེ་བ་མི་སྤེལ་ཀ་མེད་བཅས་ཀྱི་འགན་ཡོངས་རྫོགས་རྒྱ་གཞུང་གིས་འཁྱེར་དགོས་ཞེས་ནན་ཀྱི་བརྗོད་རྒྱུ་དང།

རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ་ཞུ་རྒྱུར།

  • ༡།       ཉེ་ལམ་པེ་ཅིང་ཨ་རིའི་གཞུང་ཚབ་མཆོག་ནས་རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་ བྱུས་ལ་བསྐྱར་ཞིབ་དགོས་པའི་རེ་སྐུལ་དང་།  དེ་མིན་ཨ་རི་དང་ཡུ་རོབ་གཙོས་གཞུང་དང་སྒེར། གནད་ཡོད་མི་སྣ་མང་པོས་བོད་ནང་རང་ལུས་མེར་བསྲེགས་ཀྱི་ཛ་དྲག་གནས་སྟངས་ལ་ཐུགས་ འཚབ་དང་འབོད་སྐུལ་རིམ་པ་གནང་བར་རྒྱ་གཞུང་གིས་མཁྲེགས་འཛིན་གྱི་རྣམ་འགྱུར་ ཤུགས་ཆེ་འཛིན་བཞིན་པར་བརྟེན། ཨ་རི་དང་ཡུ་རོབ་མཐུན་ཚོགས་གཙོས་པའི་དྲང་བདེན་དང་མང་གཙོར་དགའ་བའི་རྒྱལ་ཁབ་ དག་གིས་གཙོ་འགན་བཞེས་ཏེ་རྒྱལ་སྤྱིའི་རང་དབང་ལྡན་པའི་རྟོག་ཞིབ་ཚོགས་ཆུང་ཞིག་བོད་དུ་གཏོང་ཐབས་ཀྱིས་དངོས་ཡོད་གནས་སྟངས་ཇི་ཆགས་ལ་ཞིབ་འཇུག་གནང་བའི་རེ་ སྐུལ་ཞུ་རྒྱུ།
  • ༢།       ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝར་) Geneva) རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་ལྕམ་སྐུ་ན་ཝི་པིལ་ལེ་)Navi Pillay) མཆོག་གིས་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་ཤུགས་ཆེ་ཞིག་སྤེལ་བ་དེ་ནི་ལྷན་ཁང་དེས་བོད་ནང་གི་ཛ་དྲག་གནས་སྟངས་ལ་ངོས་འཛིན་གསལ་ཤོས་དེ་ཡིན་པ་མ་ཚད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་ཆེན་པོ་ཞིག་གི་ཐོག་ནས་བར་ལམ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ལངས་ཕྱོགས་གསལ་པོ་འཛིན་པར་ཡང་ངོས་འཛིན་ཞུ་རྒྱུ་ཡིན། དེར་བརྟེན་གལ་ཆེའི་བསྒྲགས་གཏམ་དེ་དག་ཡིག་ཐོག་ཙམ་དུ་མ་ལྷག་པར་དངོས་སུ་ལག་བསྟར་ཡོང་ཆེད།  འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིའི་གྲས་སུ་ཡོད་པའི་རྒྱལ་ཁབ་ ༤༧ གྱི་ཚོགས་མི་རྣམས་ལ་བོད་དོན་ཆེད་དམིགས་བསལ་ཛ་དྲག་གི་ལྷན་ཚོགས་ཤིག་ཚུགས་སྐྱོང་ཡོང་བའི་འབོད་སྐུལ་བསྐྱར་ནན་ཞུ་རྒྱུ་བཅས།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༢ ཟླ ༡༢ ཚེས་ ༤ ལ།།