རྒྱ་ནག་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤེལ་བའི་ཞུ་སྐུལ།

 

སྤྱི་ལྷན་ཚོགས་གཙོ་ཚོགས་གཞོན་གཉིས་ནས་གསར་འགོད་བསྒྲགས་གཏམ་གནང་བཞིན་པ།སྤྱི་ལྷན་ཚོགས་གཙོ་ཚོགས་གཞོན་གཉིས་ནས་གསར་འགོད་བསྒྲགས་གཏམ་གནང་བཞིན་པ།

འདས་མ་ཐག་པའི་ཟླ་ ༡༠ པ་གཅིག་པུའི་ནང་བོད་ནང་བོད་མི་ ༡༠ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་བ་དེ་ནི། ད་བར་བོད་ནང་ཛ་དྲག་གི་རང་ལུས་མེར་བསྲེགས་བཏང་བའི་ལས་འགུལ་གཞི་རྒྱ་ཆེ་ཤོས་ཀྱི་ཟླ་བ་ཞིག་ཆགས་ཡོད། ང་ཚོས་ཤེས་རྟོགས་གསལ་པོ་བྱུང་བར་གཞིགས་ན། ད་བར་བོད་ནང་བོད་མི་གྲངས་ ༦༣ གྱི་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་ཡོད་པ་དེའི་ནང་ཕོ་གྲངས་ ༥༥   དང་། མོ་གྲངས་ ༨ དགེ་འདུན་པ་གྲངས་ ༢༡ བཙུན་མ་གྲངས་ ༣  སྐྱ་བོ་གྲངས་ ༣༤  བུད་མེད་གྲངས་ ༥   ལོ་ན་མཐོ་ཤོས་དགུང་ལོ་ ༦༤ དང་། ཆུང་ཤོས་དགུང་ལོ་ ༡༧ ཆགས་ཡོད།

དེ་དག་གི་ནང་ནས་འདས་གྲོངས་སུ་གྱུར་པ་ ༥༢ དང་། དེ་མིན་མང་པོ་ཞིག་རྒྱ་གཞུང་གི་ལག་འོག་ཏུ་ཚུད་ནས་གནས་སྟངས་ཇི་ཆགས་ཤེས་རྟོགས་དཀའ་བའི་གནས་སུ་གྱུར་ཡོད། དེ་ནི་འགྲོ་བ་མིའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་བྱུང་མྱོང་མེད་པའི་ཆེས་ཛ་དྲག་གི་གནས་སྟངས་ཤིག་ཡིན་ཞིང་། གནས་སྟངས་དེར་གཞིགས་ན།   བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འཛམ་གླིང་ཁྱོན་ཡོངས་སུ་གཞི་རྒྱ་ཆེ་བའི་ལས་འགུལ་སྣ་མང་དུས་གཅིག་ཏུ་སྤེལ་དགོས་པ་ཞིག་ཆགས་ཡོད་ཀྱང་། ད་ལམ་རྒྱ་ནག་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་འཚོག་ལ་ཉེ་བ་དང་འཁེལ་སྟབས། རྒྱ་ནག་དམར་ཤོག་ནང་གཡོན་ཐལ་མཁྲེགས་འཛིན་པའམ་སྐབས་འཚོལ་རིང་ལུགས་པ་ཚོས། ལས་འགུལ་དེར་གཡས་ཁག་གཡོན་དཀྲི་དང་འགྲེལ་བརྗོད་ལོག་པ་བྱ་སྲིད་པས།  ད་ཐེངས་ཆེད་དུ་ཞུ་སྐུལ་འདི་ཕུལ་བ་ཡིན།

དང་པོ།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་བོད་ནང་བོད་མི་ཚོས་རང་ལུས་མེར་བསྲེགས་ཀྱི་ཛ་དྲག་གི་གནས་སྟངས་ལ་བློ་འཚབ་ཆེན་པོ་ཡོད་ཅིང་། བོད་ས་ཁྱོན་ཡོངས་ནས་རྒྱ་ནག་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་བྱུས་ལ་རང་བསྲེགས་ཀྱི་ངོ་རྒོལ་བྱས་དང་བྱེད་བཞིན་པ་འདི་འཚེ་མེད་ཞི་བའི་ལས་འགུལ་ཚད་མཐོ་ཤོས་ཤིག་ལ་ངོས་འཛིན་ཞུ་བཞིན་ཡོད།

གཉིས་པ། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས། བོད་ནང་གི་བོད་མི་ཚོར་སོ་སོའི་ཚེ་སྲོག་ལ་གཅེས་འཛིན་དགོས་པའི་འབོད་སྐུལ་ལན་མང་ཞུས་ཀྱང་། རྒྱ་གཞུང་གིས་དེ་ལས་ལྡོག་སྟེ་བོད་ནང་རང་ལུས་མེར་བསྲེགས་གནང་བ་དེ་ནི། ཏཱ་ལའི་ཁ་བྲལ་རིང་ལུགས་པས་རྒྱ་ནག་ཁ་བྲལ་གཏོང་ཆེད་དུ་བརྒྱུད་སྐུལ་བྱས་ལུགས་ལ་བསྙད་བཏགས་ཏེ།  འདས་པའི་ལོ་ ༦༠ ནང་དང་།  ལྷག་པར་དུ་བོད་ནང་གི་བོད་མི་ཚོར་ཡ་ང་སྙིང་རྗེ་མེད་པའི་དྲག་པོའི་རྡུང་རྡེག་དང་། བཙོན་འཇུག་མནར་གཅོད། བོད་ཀྱི་དགོན་སྡེ་གྲྭ་ཚང་ཁག་ཏུ་ལས་དོན་རུ་ཁག་དང་། ས་གནས་གང་སར་ཉེན་རྟོག་ས་ཚིགས་གསར་འཛུགས། རྒྱ་མི་འབོར་ཆེན་བོད་དུ་གནས་སྤོས་ཀྱིས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་གི་ངོ་བོ་རྩ་བརླག་ཏུ་གཏོང་རྒྱུ། བོད་མི་ནང་ཕན་ཚུན་འགྲོ་བསྐྱོད་ལ་བཀག་སྡོམ། མདོར་ན།  མི་རིགས་དབྱེ་འབྱེད་དང་མི་རིགས་མཐོང་ཆུང་། མི་རིགས་རྩ་མེད་དུ་གཏོང་རྒྱུའི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་པ་དེར།    བོད་ནང་གི་བོད་མི་ཚོ་སྡོད་བཟོད་མ་ཐུབ་པར་ཞི་རྒོལ་འདྲ་མིན་སྣ་ཚོགས་སྤེལ་དགོས་བྱུང་བར་ངོས་འཛིན་གསལ་པོ་ཞུ་བཞིན་ཡོད།

གསུམ་པ། འདས་པའི་མི་ལོ་བཅུའི་རིང་རྒྱ་ནག་རྒྱལ་ཁབ་འདི་བཞིན་དཔལ་འབྱོར་ཐད་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ཀྱང་། བློ་ཕམ་པ་ཞིག་ལ་དེ་དང་འཚམས་པའི་ཆབ་སྲིད་རང་དབང་ཐད་ཡར་རྒྱས་གང་ཡང་ཕྱིན་མེད་པར་མ་ཟད། སྤྱི་ཚོགས་ཁྱོན་ཡོངས་སུ་ཞེ་འཁོན་ཁྲོ་སློང་མེ་རི་གས་ལ་ཉེ་བ་ལྟར་ཆགས་པ་དང་། དམིགས་བསལ་བོད་ཐོག་རིག་གནས་གསར་བརྗེ་ལས་གདུག་རྩུབ་ཆེ་བའི་གཡོན་ཐལ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་པ་དེས། བོད་མི་རྣམས་ད་ལྟའི་རྒྱ་ནག་གཞུང་གི་འགོ་ཁྲིད་འོག་སྡོད་འདོད་མེད་པར་”རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས་”ཞེས་སོགས་ཀྱི་འབོད་སྒྲའི་འོག   གཅིག་མཇུག་གཉིས་མཐུད་ཀྱིས་རང་ལུས་མེར་བསྲེགས་གནང་བཞིན་ཡོད། ང་ཚོས་ཁོང་རྣམ་པའི་ཞལ་ཆེམས་དང་འབོད་སྒྲའི་མངོན་འདོད་འགྲུབ་ཆེད།  རྒྱ་ནག་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་ལ་གཤམ་གསལ་དོན་ཚན་བཞི་འབོད་སྐུལ་ཞུ་རྒྱུ།

༡        སྐབས་བཅོ་བརྒྱད་པའི་ཚོགས་ཆེན་དེའི་ཐོག་བོད་མིས་རང་ལུས་མེར་བསྲེགས་བཏང་དང་གཏོང་བཞིན་པའི་གནད་དོན་སྐོར་གླེང་སློང་དང་། དོན་རྐྱེན་དེ་ཡོང་དགོས་པའི་རྒྱུ་རྐྱེན་གང་ལ་ཐུག་པར་ཞིབ་འཇུག་མཐིལ་ཕྱིན་གནང་སྟེ།  བོད་ཐོག་བོད་མིའི་མངོན་འདོོད་དང་མཐུན་པའི་སྲིད་བྱུས་ཡང་དག་པ་ཞིག་གཏན་འབེབས་གནང་ཐུབ་པའི་རེ་སྐུལ་ཞུ་རྒྱུ།

༢        རྒྱ་གཞུང་གིས༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགྲ་རུ་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་འོག ཁོང་ལ་སྒྲོ་སྐུར་འཁྱོག་བཤད་ཀྱི་མཚན་སྨད་ཞུས་པ་དང། ཁོང་གི་སྐུ་པར་ཡན་སྒྲིག་བཤམས་མི་ཆོག་པའི་བྱེད་སྟངས་དེས། བོད་མི་རྣམས་ཀྱི་སྙིང་ལ་གྲི་བཙུགས་པ་ནང་བཞིན་གྱི་ན་ཟུག་གཏོང་བཞིན་ཡོད་པས།   སྲིད་བྱུས་དེ་འཕྲལ་དུ་མཚམས་འཇོག་གིས་བོད་མི་ཚོས་རང་དབང་ཐོག་སོ་སོའི་ཆོས་དང། རིག་གཞུང། སྐད་ཡིག་སོགས་རྒྱུན་འཛིན་བཀོལ་སྤྱོད་ཆོག་པའི་ཁོར་ཡུག་ཅིག་སྐྲུན་ཐུབ་པའི་རེ་སྐུལ་ཞུ་རྒྱུ།

༣       རྒྱ་ནག་གུང་ཁྲན་ཏང་གི་ལོ་རྒྱུས་སུ་ཉེས་ཡང་གློད་གྲོལ་ཆེན་པོ་ཐེངས་བདུན་ཙམ་བཏང་མྱོང་བའི་ལམ་སྲོལ་ཡོད་པ་ལྟར།  ད་ཐེངས་ཚོགས་ཆེན་བཅོ་བརྒྱད་པ་དེས་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་རྫོགས་ཉེས་ཡང་གློད་བཀྲོལ་བཏང་སྟེ། བོད་ནང་དུ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་འགྲོ་ཐུབ་པའི་སྲིད་བྱུས་ལག་བསྟར་ཡོང་བའི་རེ་བསྐུལ་ཞུ་རྒྱུ།

༤       སླེབས་ལ་ཉེ་བའི་རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོས་བོད་ཀྱི་གནད་དོན་ལ་ད་ལྟའི་གཞུང་ནང་བཞིན་གཡོལ་ཐབས་སམ། “བོད་ཀྱི་གནད་དོན་ཟེར་བ་མེད་”ཅེས་ཧམ་བཤད་ལྟ་བུའི་དུས་ཚོད་འགྱངས་ཐབས་ཁོ་ན་མ་བྱས་པར། བོད་ཀྱི་གནད་དོན་འདི་སེལ་ཆེད།   བོད་མིའི་སྒྲིག་འཛུགས་མཉམ་དོན་དམ་གྱི་འབྲེལ་མོལ་བརྒྱུད་ལམ་བསྐྱར་གསོ་ཞུ་བའི་རེ་སྐུལ་ཞུ་རྒྱུ།

གོང་གསལ་དོན་ཚན་བཞིའི་ཐོག་རྒྱ་ནག་གཞུང་གིས་བསམ་ཞིབ་དགོངས་བཞེས་གནང་ཐུབ་ན།  བོད་ནང་གི་ཛ་དྲག་གི་གནས་སྟངས་ལྷིང་འཇགས་སུ་འགྲོ་ཐུབ་པ་དང་། རྒྱ་ནག་གི་བརྟན་བརླིང་སྲུང་སྐྱོབ་ལ་ཕན་པ།   བོད་རྒྱ་གཉིས་འཆམ་མཐུན་མཉམ་གནས་ཡོང་ཐུབ་པར་མ་ཟད།   རྒྱལ་སྤྱིའི་ཐོག་རྒྱ་ནག་གུང་ཁྲན་ཏང་གི་གཟུགས་བརྙན་དང་མཐོང་ཆེ་རུ་འགྲོ་ངེས་ལའང་ང་ཚོས་ཡིད་ཆེས་དང་ངོས་འཛིན་གསལ་པོ་ཞུ་བཞིན་ཡོད་པ་བཅས།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་

ཕྱི་ལོ་ ༢༠༡༢ ཟླ ༡༡ ཚེས་ ༧ ལ།།

སྤྱི་ལྷན་ཚོགས་གཙོ་ཚོགས་གཞོན་གཉིས་ནས་གསར་འགོད་བསྒྲགས་གཏམ་གནང་བཞིན་པ།སྤྱི་ལྷན་ཚོགས་གཙོ་ཚོགས་གཞོན་གཉིས་ནས་གསར་འགོད་བསྒྲགས་གཏམ་གནང་བཞིན་པ།

གསར་འགོད་གསལ་བསྒྲགས་དབྱིན་ཡིག་ཐོག 

གསར་འགོད་གསལ་བསྒྲགས་རྒྱ་ཡིག་ཐོག