རྒྱ་གར་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་འབྲེལ་མཐུད་པ་ཁག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།


༄༅། ། རྒྱ་གར་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ (Rashitriya Swayamsewak Sangh) འབྲེལ་མཐུད་པ་ (Pracharak) བཅོ་ལྔ་ཙམ་བཞུགས་སྒར་རྡ་སར་ཚོགས་པའི་ཚོགས་འདུར་ཕེབས་གནང་བ་དང་བསྟུན། ཁོང་རྣམས་ནས་བོད་ཀྱི་གནས་དོན་ཤེས་རྟོགས་སླད་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་ཁག་ཏུ་ཕེབས་རྒྱུའི་ལས་རིམ་ཡོད་པ་བཞིན། ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༤ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༢།༣༠ ཙམ་ལ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་ནས་ཕེབས་བསུའི་སྣེ་ལེན་དང་མཇལ་འཕྲད་གནང་ཡོད།

སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་ནས་ཁོང་རྣམས་ལ་ལོ་རྒྱུས་ཐོག་ནས་བོད་དང་རྒྱ་གར་དབར་ཆོས་དང་། རིག་གཞུང་། ཁོར་ཡུག་སོགས་ཀྱི་ཐོག་འབྲེལ་བ་གཏིང་ཟབ་ཡོད་པའི་སྐོར་དང་། དེ་བཞིན་ད་ལྟའི་བོད་ནང་གི་གནས་བབ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ངོས་ནས་བོད་ཀྱི་འཐབ་རྩོད་ཐོག་ཕྱི་ནང་ཡུལ་གྲུ་ཁག་ནང་ཆབ་སྲིད་ཀྱི་ལས་འགུལ་གང་དང་གང་སྤེལ་གྱི་ཡོད་པའི་སྐོར་དང་། རྒྱལ་སྤྱིའི་ནང་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་ཐོག་མར་རྒྱ་གར་གཞུང་མང་གཉིས་ནས་གནང་བའི་རྗེས། ད་ཆ་རྒྱལ་སྤྱིའི་ནང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ཡོད་ལུགས། དེ་རྗེས་ཁོང་རྣམས་ཕྱིར་སོ་སོའི་ས་གནས་སུ་ཕྱིར་ཕེབས་འབྱོར་མཚམས་ས་གནས་ཀྱི་གྲོས་ཚོགས་འཐུས་མི་དང་། གནད་ཡོད་མི་སྣ་སོགས་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བའི་རེ་སྐུལ་ཞུས་གནང་ཡོད་པ་དང་། ལྷག་པར་ས་གནས་ཁག་ཏུ་ཡོད་པའི་བོད་རིགས་སུད་ཚོང་བ་རྣམས་ལ་རྒྱབ་སྐྱོར་དང་མཐུན་འགྱུར་གང་ཐུབ་གནང་རྒྱུའི་རེ་བ་ཞུས་གནང་བ་བཅས་ཀྱི་གནས་ཚུལ་དུ། །