རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་ལྕམ་སྐུ་ Ambassador Dr. Eliska Zigova མཆོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༡༤ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་ལྕམ་སྐུ་ Ambassador Dr. Eliska Zigova མཆོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཆེད་ཕེབས་གནང་བར་དཔའ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྣེ་ལེན་མཇལ་འཕྲད་གནང་སོང།

དཔལ་ལྡན་ཚོགས་གཙོ་མཆོག་གིས་ཅེག་གཞུང་མང་གཉིས་ནས་བོད་དོན་ཐོག་ལྷག་བསམ་རྣམ་དག་གི་རྒྱབ་སྐྱོར་ཤུགས་ཆེ་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་གནང་པ་དང། དཔལ་ལྡན་ཚོགས་གཙོ་མཆོག་གིས་ཁོང་ཕྱི་ལོ་ ༢༠༡༤ ལོར་ཅེག་སྤྱི་མཐུན་རྒྱལ་ཁབ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བའི་སྐོར། མ་འོངས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གི་སྐུ་ཚབ་ཚོགས་ཆུང་ཅེག་སྤྱི་མཐུན་རྒྱལ་ཁབ་གཙོས་ཡུ་རོབ་ཁུལ་དུ་ཕེབས་འཆར་ཡོད་སྐོར་གསུངས་སོང་། དེ་བཞིན་ཁོང་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། ལས་དོན་གནང་ཕྱོགས་སྐོར་ངོ་སྤྲོད་གནང་རྗེས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ཇི་ཆགས་སྐོར་དང་ཡུ་རོབ་མཐུན་ཚོགས་ནས་བོད་དོན་ཐོག་དམིགས་བསལ་འབྲེལ་མཐུས་པ་ཞིག་བསྐོ་ཐབས་གནང་རྒྱུའི་སྐོར་སོགས་གསུངས་གནང་སོང་།

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་ལྕམ་སྐུ་ Ambassador Dr. Eliska Zigova མཆོག་གིས་བོད་མིའི་སྒྲིག་འཛུགས་དང་སྤྱི་འཐུས་ལྷན་ཁང་ནས་ཁོང་ལ་ཕེབས་བསུ་ཟབ་རྒྱས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ཝི་སི་ལབ་ཧཱ་ཝིལ་ Vaclav Havel དམ་པ་དང་༧གོང་ས་མཆོག་གཉིས་དབར་མཐུན་མོང་མ་ཡིན་པའི་འབྲེལ་བཟང་ཡོད་པ་དེས། བོད་དང་ཅེག་སྤྱི་མཐུན་རྒྱལ་ཁབ་གཉིས་དབར་བློ་སེམས་གཅིག་མཐུན་གྱི་འབྲེལ་བ་ཆགས་ཡོད་སྐོར་གསུངས་སོང་། དེ་བཞིན་ཅེག་གཞུང་མང་གཉིས་ནས་བོད་དང་བོད་མི་ཚོར་རྒྱབ་སྐྱོར་མུ་མཐུད་ནས་ཡོད་པ་དང་ལྕམ་སྐུ་མཆོག་ནས་བོད་ཀྱི་སྐད་ཡིག རིག་གཞུང་། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་གང་ཐུབ་ཤུགས་བརྒྱབ་རྒྱུའི་ཞལ་བཞེས་གནང་སོང་།