རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པའི་མཇུག་བསྡོམས་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༩ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྒྱ་གར་རྒྱལ་ས་ལྡི་ལིར་ཉིན་གཉིས་རིང་ཚོགས་པའི་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པའི་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་བཅར་གནང་ཡོད།

གཞན་ཡང་མཛད་སྒོའི་ཐོག་རྩོམ་པ་པོ་གྲགས་ཅན་དང་། བོད་ཀྱི་གྲོགས་པོ་འབུམ་རམས་པ་ལྕམ་སྐུ་ནིར་ཇཱ་ མ་དྷེབ་ (Dr. Neerja Madhav) ལགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། ཧི་མ་ཅཱལ་མངའ་སྡེའི་དབུས་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་ཆེན་མོ་ཟུར་པ་འབུམ་རམས་པ་སྐུ་ཞབས་ཀེ་ སི་ ཨགྣི་ཧོ་ཏྲཱི་ (Prof. K.C. Agnihotri) ལགས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་རྒྱལ་ཡོངས་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ལགས། ལྡི་ལི་ས་གནས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་པན་ཀ་ཇ་ གྷོ་ཡལ་ལགས་ (Pankaj Goyal) སོགས་ཕེབས་གནང་འདུག

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་དོན། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མ་ནི་རྒྱ་གར་ནང་བོད་དོན་ཐོག་ལས་འགུལ་ཤུགས་ཆེ་ཤོས་སྤེལ་མཁན་ཞིག་ཡིན་ཞིང་། རྩ་བའི་འདས་པའི་ལོ་ངོ་དྲུག་ཅུ་ལྷག་གི་རིང་རྒྱ་གར་ནི་ང་ཚོའི་ཁྱིམ་ཚང་ལྟ་བུ་ཆགས་ཀྱི་ཡོད་པ་མ་ཟད། དུས་ཚོད་དེའི་རིང་རྒྱ་གར་གཞུང་མང་གཉིས་ནས་བོད་མི་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་པ་ནི་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཆགས་ཀྱི་ཡོད། སྤྱིར་འཕགས་བོད་གཉིས་དབར་ལོ་རྒྱུས་དང་། ས་བབ། རིག་གཞུང་བཅས་ཀྱི་འབྲེལ་བ་དམ་ཟབ་ཡོད་ཅིང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཕགས་བོད་གཉིས་དབར་དགེ་སློབ་ཀྱི་འབྲེལ་བ་ཡོད་ཅེས་དུས་རྒྱུན་བཀའ་སློབ་ཕེབས་བཞིན་ཡོད་པ་ལྟར། རྒྱ་གར་ནས་བོད་ལ་ནང་ཆོས་དར་ཁྱབ་བྱུང་བར་བརྟེན། ལོ་རྒྱུས་ཐོག་རྒྱ་གར་ནི་ང་ཚོའི་དགེ་རྒན་དང་། ད་ཆ་རྒྱ་གར་ནང་བོད་མི་ཚོས་རྒྱ་གར་གྱི་གནའ་རབས་ཀྱི་རིག་གཞུང་སླར་གསོ་གནང་བཞིན་ཡོད་པས། ང་ཚོ་ནི་རྒྱ་གར་གྱི་དགེ་ཕྲུག་ཡིད་རྟོན་རུང་བ་ཞིག་ཆགས་ཀྱི་ཡོད། རྒྱ་གར་གཞུང་མང་གཉིས་ནས་རྟག་ཏུ་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་བརྟེན་ནས། ང་ཚོའི་བོད་ཀྱི་འཐབ་རྩོད་ཐོག་སེམས་ཤུགས་དང་། རེ་བ་ཆེན་པོ་སྤྲོད་ཀྱི་ཡོད་པའི་ཐོག་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་ངོས་ནས་རྒྱ་གར་ནང་བོད་ཀྱི་འཐབ་རྩོད་དང་འབྲེལ་བའི་ལས་འགུལ་སྣེ་ཁྲིད་གཙོ་བོ་གནང་བཞིན་ཡོད།


རྒྱ་ནག་གཞུང་གིས་དུས་རྒྱུན་བོད་རྒྱའི་དཀའ་རྙོག་ནི་ནང་ཁུལ་གྱི་གནད་དོན་ཞིག་ཡིན་སྐོར་བརྗོད་བཞིན་ཡོད་ཀྱང་། དོན་དངོས་ཐོག་དེ་ལྟར་མིན་པར་བོད་ཀྱི་གནད་དོན་དེ་བཞིན་རྒྱལ་སྤྱིའི་གནད་དོན་ཞིག་ཆགས་ཀྱི་ཡོད། གང་ཡིན་ཟེར་ན། རྒྱ་ནག་དམར་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་ཁག་ལ་རྩིས་མེད་རྡོག་རོལ་བཏང་ནས་བོད་ཙམ་མིན་པར་རྒྱ་གར་གཙོས་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལའང་རྟག་ཏུ་ས་མཚམས་སོགས་ཀྱི་དཀའ་ངལ་རིམ་པར་བཟོས་དང་བཟོ་བཞིན་ཡོད། ཕྱི་ལོ་ ༢༠༢༠ ཟླ་ ༦ པའི་ཚེས་ ༡༥ ཉིན་འཕགས་བོད་ས་མཚམས་ལ་དྭགས་གྷལ་ཝན་ལུང་གཤོངས་སུ་རྒྱ་དམར་གཞུང་གིས་བཙན་འཛུལ་བྱེད་འགོ་བཙུགས་པ་ནས་བཟུང་། ད་བར་འཕགས་བོད་ས་མཚམས་སུ་དཀའ་རྙོག་ཆེ་རུ་ཕྱིན་ཏེ་རྒྱ་གར་གྱི་རྒྱལ་ཁབ་བདེ་འཇགས་ཐོག་ལའང་དོ་ཕོག་བྱུང་ཡོད་ཅིང་། རྒྱ་དཀར་ནག་གི་དམག་མིའི་དབར་གདོང་གཏུག་སྐབས། རྒྱ་གར་གྱི་མཐའ་མཚམས་སྲུང་སྐྱོབ་དམག་མི་ཉི་ཤུ་ཙམ་གྱི་ཚེ་སྲོག་ཀྱང་ཤོར་ཡོད། རྒྱ་དམར་གཞུང་གིས་བོད་ས་བཙན་བཟུང་མ་བྱས་སྔོན་བོད་དེ་སྟོབས་ཆེན་རྒྱལ་ཁབ་གཉིས་དབར་གྱི་བར་གནས་རྒྱལ་ཁབ་ (buffer zone) ལྟ་བུར་གནས་ཡོད་ཀྱང་། ད་ཆ་རྒྱ་ནག་དམར་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པའི་རྗེས། རྒྱ་དཀར་ནག་གི་ས་མཚམས་ཞེས་བཙན་ཤེད་ཐོག་ནས་བྱུང་བ་ལས། དོན་ངོ་མ་འཕགས་བོད་ས་མཚམས་ཆགས་ཀྱི་ཡོད། རྒྱ་དཀར་ནག་དབར་འཕགས་བོད་ས་མཚམས་ཀྱི་དཀའ་རྙོག་དེ་བཞིན་ཨེ་ཤི་ཡའི་གླིང་ཕྲན་ནང་གི་ཆབ་སྲིད་ཀྱི་རྩོད་རྙོག་རྒྱུན་རིང་ཤོས་ཤིག་ཡིན། དཀའ་རྙོག་དེ་སེལ་ཐབས་དང་། དེ་བཞིན་རྒྱ་གར་རྒྱལ་ཁབ་བདེ་འཇགས། རྒྱ་དཀར་ནག་དབར་ཞི་བདེ་ལྷིང་འཇགས་བཅས་ཡོང་རྒྱུར་བོད་ཀྱི་གནད་དོན་སེལ་དགོས་པ་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད།

རྒྱ་ནག་དམར་གཞུང་གི་ཏང་གི་ཚོགས་ཆེན་ཐེངས་ ༢༠ པ་ཚོགས་པའི་རྗེས། ཚང་མས་སྔོན་ནས་ཚོད་དཔག་གནང་བ་ལྟར། ཞི་ཅིན་ཕིན་གྱི་སྲིད་འཛིན་ལས་ཡུན་གསུམ་པ་གནང་རྒྱུ་གཏན་ཁེལ་ཞིང་། རྩ་བའི་ཕྱི་ལོ་ ༢༠༡༨ ནང་རྒྱ་ནག་གི་རྩ་ཁྲིམས་ནང་གསལ་སྲིད་འཛིན་གྱི་ལས་ཡུན་དུས་སྐབས་གཉིས་ལས་ལྷག་བྱེད་མི་ཆོག་པའི་རྩ་ཁྲིམས་ཀྱི་ཆ་རྐྱེན་ལ་ཞི་ཅིན་ཕིན་གྱིས་བསྐྱར་བཅོས་བྱས་ཏེ། དུས་ཚོད་ངེས་མེད་བར་དབང་བསྒྱུར་བྱ་རྒྱུ་ཡོད་པའི་ཆ་རྐྱེན་བསྐྲུན་ཡོད། ཞི་ཅིན་ཕིན་གྱི་འགོ་ཁྲིད་པའི་རྒྱ་ནག་དམར་གཞུང་འོག གྲངས་ཉུང་མི་རིགས་ཙམ་ལ་ཉེན་ཁ་ཡོད་པ་ཙམ་མ་ཡིན་པར། རྒྱ་གར་གཙོས་པའི་འཛམ་གླིང་རྒྱལ་ཁབ་ཚང་མའི་བདེ་འཇགས་ལའང་ཉེན་ཁ་ཡོད། རྒྱ་ནག་དམར་གཞུང་གི་བྱ་སྤྱོད་ལ་བརྟེན་ནས། འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཤུགས་ཆེ་བྱུང་སྟེ། མི་ཁྲི་ཕྲག་མང་པོའི་ཚེ་སྲོག་ཤོར་ཡོད་པ་དང་། སྐབས་དེ་དུས་ཚང་མས་རྒྱ་ནག་དམར་གཞུང་གི་གདོང་རིས་ངོ་མ་གསལ་པོར་མཐོང་ཡོད། ད་དུང་ཡང་བོད་ནང་ཏོག་དབྱིབས་ཀླད་ཀོར་ཞེས་པའི་སྲིད་བྱུས་འོག་བོད་མི་རྣམས་ཀྱི་རང་དབང་འགྲོ་བསྐྱོད་ལ་དམ་བསྒྲགས་དང་། ཁྱིམ་སྡོད་བཀའ་རྒྱའི་འོག་འཚོ་བ་སྐྱེལ་བཞིན་ཡོད་པ་རེད། རྒྱ་ནག་དཔལ་འབྱོར་ཐོག་ནས་སྟོབས་ཤུགས་ཆེ་བའི་རྒྱལ་ཁབ་གཅིག་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་རྒྱལ་སྤྱིའི་ཁྲིམས་ལ་རྩིས་མེད་རྡོག་རོལ་བཏང་ན་འགྲིག་ཐབས་མེད་པ་དང་། ང་ཚོ་ཚང་མ་གཅིག་ལ་གཅིག་རྟེན་ཡིན་དུས། རྒྱ་ནག་དམར་གཞུང་གིས་བྱ་སྤྱོད་ལ་བརྟེན་ནས་འཛམ་གླིང་རྒྱལ་ཁབ་ཚང་མར་དོ་ཕོག་འགྲོ་གི་ཡོད་པ་གསལ་པོ་ཡིན་དུས། ཚང་མས་རྒྱ་ནག་དམར་གཞུང་གི་བྱ་སྤྱོད་ངན་པ་རྣམས་འགོག་ཐབས་བྱེད་དགོས་པ་གལ་ཆེན་པོར་མཐོང་གི་འདུག

རྒྱ་ནག་དམར་གཞུང་གིས་བོད་ནང་འཛུགས་བསྐྲུན་ཡར་རྒྱས་ལ་ཁ་གཡར་ཏེ། བོད་ཀྱི་རང་བྱུང་གཏེར་ཁ་ཚད་མེད་བསྔོག་འདོན་དང་། རི་དྭགས་སྲོག་ཆགས་དམར་གསོད། ཤིང་ནགས་གཅོད་འབྲེགས། ཆུ་བོ་འབག་འཛོག རྒྱུགས་ཆུ་ཁག་ལ་ཆུ་མཛོད་བརྒྱབ་པ་སོགས་བོད་ཀྱི་ཁོར་ཡུག་ལ་གཏོར་བཤིག་ཚད་མེད་བཏང་དང་གཏོང་བཞིན་ཡོད། དེས་འཛམ་གླིང་སྤྱི་ཡོངས་དང་། ལྷག་པར་དུ་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་དོ་ཕོག་འགྲོ་བཞིན་ཡོད། རྒྱ་ནག་དམར་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་ཐོག་འགྲོ་སོང་ས་ཡ་མང་པོ་བཏང་ཡོད་ཅེས་ཤོད་བཞིན་ཡོད་ཀྱང་། དོན་དངོས་སུ་རྒྱ་ནག་དམར་གཞུང་གིས་བོད་ནང་ནས་བསྔོག་འདོན་བྱས་པའི་གཏེར་ཁ་སོགས་ལས་བྱུང་བའི་དངུལ་འབོར་དང་བསྡུར་ན་ཧ་ཅང་ཉུང་ཉུང་རེད། དེར་བརྟེན་བོད་ནང་གི་འཛུགས་བསྐྲུན་ཡར་རྒྱས་ལ་ཁ་གཡར་ཏེ། ཁོ་ཚོའི་དཔལ་འབྱོར་གྱི་ཁེ་ཕན་སྒྲུབ་ཀྱི་ཡོད་པ་གསལ་པོ་རེད། དེ་བཞིན་བོད་ནང་རྒྱ་ནག་དམར་གཞུང་གིས་དམག་གི་ཁེ་ཕན་ལ་དམིགས་ཏེ། མེ་འཁོར་ལྕགས་ལམ་དང་། གནམ་ཐང་། ལམ་ཆེན་སོགས་བཟོས་ཏེ། རྒྱ་གར་གཙོས་པའི་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཉེན་ཁ་བཟོས་དང་བཟོ་མུས་རེད། དེར་བརྟེན་འབྲེལ་ཆགས་རྒྱལ་ཁབ་ཚང་མས་རྒྱ་ནག་དམར་གཞུང་གི་དམིགས་ཡུལ་ངན་པ་དེར་བཀག་འགོག་བྱ་རྒྱུའི་དུས་ལ་བབ་ཡོད།

རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་བོད་དོན་ཐོག་ཕྱག་ལས་གང་དང་གང་གནང་བཞིན་ཡོད་པ་ང་རང་ལ་རྒྱུས་མངའ་ཡོད་པ་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་བོད་ཀྱི་འཐབ་རྩོད་དང་། རྒྱ་གར་མི་མང་དབར་འབྲེལ་མཐུད་པ་ལྟ་བུ་གནང་ནས་རྒྱ་གར་མང་ཚོགས་ནང་བོད་དོན་སྐོར་གོ་རྟོགས་སྤེལ་བཞིན་ཡོད་པ་རེད། ཐེངས་འདིའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བདུན་པའི་ཐོག་བོད་དང་། བོད་ཀྱི་འཐབ་རྩོད་དང་འབྲེལ་བའི་བརྗོད་གཞིའི་ཐོག་བགྲོ་གླེང་ལྷུགས་པོ་གནང་ཡོད་པར་ང་རང་དགའ་ཚོར་ཆེན་པོ་བྱུང་། རྣམ་པ་ཚོ་ས་ཐག་རིང་པོ་ནས་རྒྱལ་ས་ལྡི་ལིར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐོག་ཕེབས་པ་དང་། དེ་བཞིན་རྟག་ཏུ་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མ་འོངས་པར་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཞུ་རྒྱུ་ཡིན། ཆབས་ཅིག་དེ་རིང་གོ་སྐབས་འདི་བརྒྱུད་ནས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་ཚོགས་མི་གསར་པ་རྣམས་ལ་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་དང་། མ་འོངས་པར་བོད་ཀྱི་རྩ་དོན་ཐོག་མཉམ་རུབ་ཀྱིས་ཕྱག་ལས་གང་ཐུབ་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་འདུག་པ་བཅས། །