རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་མཇུག་སྡོམ་མཛད་སྒོ་རྒྱལ་ཁའི་ངང་སྐོང་ཚོགས་གནང་ཡོད།

༄༅། །ཕྱི་ཟླ་ ༤ ཚེས་ ༡༣ ཉིན་རྒྱ་གར་བྱང་ཕྱོགས་པན་ཇབ་མངའ་སྡེའི་གྲོང་ཁྱེར་ལུ་དྷི་ནི་ཡ་ནར་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་མཇུག་སྡོམ་མཛད་སྒོ་ཚོགས་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣ པའི་ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་ལྷན་གྱི་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གདན་ཞུས་ལྟར་ཆེད་ཕེབས་གནང་བ་དང་། གཞན་མཛད་སྒོར་རྒྱ་གར་གྱི་ Lala Tibetan Hosiery Association ཡི་ཚོགས་གཙོ་ R.K.wadara དང་ཚོགས་མི་རྣམ་པ། དེ་བཞིན་ Indo Tibetan Hosiery Association ཡི་ཚོགས་གཙོ་ Naveen Sood དང་ཚོགས་མི་རྣམ་པ། བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན་གཙོས་པའི་ཚོགས་མི་རྣམ་པ་བཅས་ཆེད་བཅར་ཞུས་ཡོད། ཐོག་མར་དཔལ་ལྡན་ཚོགས་གཙོ་མཆོག་ནས་སྣང་གསལ་ཞལ་ཕྱེ་དང་འབྲེལ་མཛད་སྒོར་ཕེབས་པ་ཚང་མས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་རྒྱ་གར་གྱི་རྒྱལ་གླུ་བཏང་། དེ་ནས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱིས་གཙོས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་སླད་མྱ་ངན་གུས་འདུད་ངག་བཅད་སྐར་མ་གཅིག་ཞུས། དེ་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་ལ་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པས་ཕྱགས་རྟགས་འབུལ་གནང་བ་དང་སྦྲགས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་གཙོ་མཆོག་ནས་གསུང་བཤད་གནང་། དེ་ནས་ lala Tibetan Hosiery Association ཡི་ཚོགས་གཙོ་ R.K.Wadara མཆོག་ནས་བོད་མི་དང་རྒྱ་གར་དབར་གྱི་འབྲེལ་ལམ་སྔ་མོ་ནས་ཡག་པོ་ཡོད་སྐོར་དང་བོད་མི་སུད་ཚོང་ལ་མུ་མཐུད་རོགས་རམ་གནང་གི་ཡིན་ཞེས་གསུངས་པ་དང་།  Indo Tibetan Hosiery Association ཡི་ཚོགས་གཙོ་ Naveen Sood མཆོག་ནས་༸གོང་ས་མཆོག་གིས་འཛམ་གླིང་སྤྱི་དང་ལྷག་པར་དུ་རྒྱ་གར་ནང་མཛད་འཕྲིན་ཆེན་པོ་སྐྱོང་བཞིན་ཡོད་པ་དང་བོད་མི་རྣམས་ནི་ཡ་རབས་བཟང་སྤྱོད་ལྡན་པའི་སྐོར་སོགས་གསུངས་པ་དང་།

དེ་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་ནས་ ཐོག་མར་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་གཙོ་གཙོས་པའི་ཚོགས་མི་རྣམ་པ་དང་། རྒྱ་གར་ལ་ལ་ཚོགས་པའི་སྐུ་ཚབ་རྣམ་པ། གཞན་ཚོགས་བཅར་བ་བཅས་ཚང་མར་འཚམས་འདྲི་ཞུས་གནང་བ་དང་སྦྲགས་བོད་ནང་གི་གནས་སྟངས་སྤྱི་དང་། སུད་ཚོང་བ་ཚོས་རང་ཉིད་ཀྱི་ཁྱིམ་ཚང་ཙམ་མ་ཡིན་པར་བོད་མི་རིགས་ཀྱི་ཆེད་དཔལ་འབྱོར་གྱི་ནུས་པ་འདོན་ཐུབ་དགོས་པ་དང་། དེ་བཞིན་རྒྱ་གར་ལ་ལ་རྣམ་པ་དང་ཚོང་འབྲེལ་བྱེད་སྐབས་བུ་ལོན་དུས་ཐོག་སྤྲོད་དགོས་པ་སོགས་ཡིད་ཆེས་བྱེད་ཐུབ་ཡག་གི་བཟང་སྤྱོད་མ་ཉམས་པར་མི་རབས་རྒན་པ་ནང་བཞིན་མི་རབས་གསར་པས་རྒྱུན་མཐུད་ཐུབ་དགོས་ཡག འཐུས་ཤོར་དང་ཉམས་ཆག་མི་འགྲོ་བ་བྱེད་ཐུབ་དགོས་ཡག་གལ་ཆེན་པོ་ཡིན་པའི་སྐོར་དང་། མི་ཞིག་ཕྱུག་པོ་ཆགས་དགོས་ན་ངེས་པར་དུ་བསམ་་སྤྱོད་ཀྱི་ཤེས་ཡོན་དང་། གོ་སྐབས་ཟིན་ཐུབ་དགོས་པ། འཆར་གཞི་དང་ལྡན་པ་སོགས་དགོས་པའི་བཀའ་སློབ་ལམ་སྟོན་ཟབ་མོ་གནང་བའི་གནས་ཚུལ་སྙིང་བསྡུས་སུ།།