རྒྱ་གར་མཐོ་སློབ་ཁག་འདྲ་མིན་ནང་སློབ་གཉེར་གནང་བཞིན་པའི་རྒྱ་གར་དང་བོད་རིགས་སློབ་ཕྲུག་ཁག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།


༄༅། །༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཀུན་ཕན་བདེ་རྩ་ནས་ལོ་ལྟར་རྒྱ་གར་མཐོ་སློབ་འདྲ་མིན་ནང་སློབ་གཉེར་གནང་བཞིན་པའི་རྒྱ་གར་སློབ་ཕྲུག་རྣམས་བཞུགས་སྒར་རྡ་སར་བོད་པའི་ཆོས་དང་། རིག་གཞུང་། གོམས་གཤིས་སོགས་ལ་གོ་རྟོགས་ཆེད་ཉིན་གྲངས་ཉི་ཤུ་ལྷག་ཙམ་གྱི་རིང་གུ་རུ་ཀུལ་ (Gurukul Programme) ལས་རིམ་ཞིག་གོ་སྒྲིག་གནང་བཞིན་ཡོད་པ་ལྟར། འདི་ལོའི་གུ་རུ་ཀུལ་ལས་རིམ་ཐེངས་ ༢༤ པའི་ཐོག་འཛུལ་ཞུགས་གནང་མཁན་སློབ་གཉེར་བ་གྲངས་ ༢༨ དང་ལས་བྱེད་ ༢ བཅས་ཁྱོན་མི་གྲངས་ ༣༠ ཙམ་ཉིན་རྒྱབ་ཆུ་ཚོད་ ༢།༠༠ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་གཟིགས་བསྐོར་ཕེབས་སྐབས་སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག་གིས་མཇལ་འཕྲད་གནང་ཡོད།

སྐབས་དེར་སྤྱི་འཐུས་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་དམིགས་བསལ་ཁྱད་ཆོས་སྐོར་དང་། མཐོ་སྒང་བོད་ཀྱི་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ས་ཡ་གཉིས་དང་འབུམ་ལྔ་ཡོད་པ་ལས། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་སོགས་བོད་ཀྱི་ས་ཆ་དུམ་བུར་བཏང་སྟེ་ས་ཁྱོན་ཕྱེད་ཀ་ལས་མང་བ་རྒྱ་ནག་གི་ཞིང་ཆེན་ཁག་ནང་བགོས་པའི་སྐོར། བཙན་བྱོལ་ནང་བོད་མི་ཚོས་རང་གི་སྒྲིག་འཛུགས་ལ་དྭང་བླངས་དཔྱ་དངུལ་འབུལ་སྲོལ་ཇི་ལྟར་འགོ་འཛུགས་པའི་སྐོར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་སྐོར་ངོ་སྤྲོད་སྙིང་བསྡུས། སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ། དེ་བཞིན་ཕྱི་ཟླ་གསུམ་པའི་སྔོན་རྩིས་ཚོགས་དུས་དང་། ཕྱི་ཟླ་དགུ་པའི་ལོ་འཁོར་ལས་བསྡོམས་དང་སྤྱིར་བཏང་ཚོགས་དུས་གཉིས་ཀྱི་སྐོར། ལོ་གཉིས་དང་ཕྱེད་ཀ་ཕྱེད་ཀའི་ཐོག་སྤྱི་འཐུས་རྣམ་པ་ས་བགོས་བརྒྱབ་ཏེ་ས་གནས་བོད་མིའི་གནས་སྟངས་རྒྱུས་ལོན་གནང་གི་ཡོད་སྐོར། ༸གོང་ས་མཆོག་གི་བཀའ་དགོངས་བཞིན་བཙན་བྱོལ་སྤྱི་ཚོགས་ནང་བོད་པའི་བུད་མེད་རྣམས་ཀྱིས་ཆབ་སྲིད་དང་འཛིན་སྐྱོང་སོགས་ཀྱི་ནང་ལས་ཀ་བྱེད་མཁན་མང་ཏུ་འགྲོ་བཞིན་པའི་སྐོར་སོགས་ཀྱི་ཐོག་གསུང་བཤད་གནང་བ་དང་། ཕྱོགས་མཚུངས་སློབ་ཕྲུག་རྣམ་པས་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་འབྲེལ་བའི་དྲི་བ་སོགས་བཏང་བར་སྤྱི་འཐུས་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་བ་བཅས། །