རྒྱ་གར་མང་གཙོའི་དུསᨋཆེནᨋཐེངས་ ༦༩ པ་སྲུང་བརྩིའི་མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་དང་སྤྱི་འཐུས་བློ་བཟང་ཆོས་འབྱོར་མཆོག་རྣམ་གཉིས་མཉམ་ཞུགས་གནང་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་  ༡ ཚེས་ ༢༦ རེས་གཟའ་པ་སངས་ཉིན་གྱི་སྔ་དྲོའི་ཕྱག་ཚོད་ ༡༡།༠༠ ཙམ་ལ་ཧི་མ་ཅཱལ་མངའ་སྡེའི་ཀངྒ་ར་རྫོང་ལས་ཁུངས་ཀྱི་གོ་སྒྲིག་འོག་རྡ་སའི་སྐོར་སྲུང་ཉེན་རྟོག་ཐང་ཆེན་དུ་རྒྱ་གར་མང་གཙོའི་དུས་ཆེན་ཐེངས་ ༦༩ པ་སྲུང་བརྩི་གཟབ་རྒྱས་ཞུས་གནང་ཡོད།

མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་འཐུས་བློ་བཟང་ཆོས་འབྱོར་མཆོག་རྣམ་གཉིས་སྐུ་མགྲོན་དུ་ཆེད་ཕེབས་གནང་ཡོད་པ་དང་། དེ་བཞིན་མཛད་སྒོའི་སྐུ་མགྲོན་གཙོ་བོར་རྒྱ་གར་ཧི་མ་ཅཱལ་མངའ་སྡེའི་འཕྲོད་བསྟེན་དང་། ཞིང་ཆུ་འདྲེན་གཏོང་བློན་ཆེན་སྐུ་ཞབས་མ་ཧིན་དར་སིངྒ་ཋཱ་ཀུར་མཆོག་ (Shri Mahender Singh Thakur, Irrigation and Public Health Minister of Himachal Pradesh.) ཕེབས་གནང་ཡོད།

དེ་ཡང་མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་ནས་རྒྱ་གར་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་རྗེས། དཔལ་ལྡན་ཚོགས་གཞོན་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་བློན་ཆེན་མཆོག་ལ་འཚམས་འདྲིའི་མཇལ་དར་ཕུལ་གནང་ཡོད།  དེ་ནས་སྐུ་མགྲོན་གཙོ་བོ་མཆོག་ནས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་སྐབས།  ཁོང་ནས་ ༸གོང་ས་མཆོག་གི་༸སྐུའི་བོད་ལུགས་བླ་སྨན་ཟུར་པ་ཨེམ་ཆི་ཡེ་ཤེས་དོན་ལྡན་མཆོག་ལ་རྒྱ་གར་གཞུང་ནས་ཆེས་མཐོའི་གཟེངས་རྟགས་པདྨ་ཤྲི་ (Padma Shri) ཕུལ་གནང་བར་བསྔགས་བརྗོད་ཆེན་པོ་གནང་སོང་། དེ་རྗེས་བློན་ཆེན་མཆོག་དང་། དཔལ་ལྡན་ཚོགས་གཞོན་མཆོག་རྣམ་གཉིས་ནས་ཀངྒ་ར་རྒྱ་གྲམ་དམར་པོའི་ཚོགས་པ་ (Red Cross Society,Kangra) ཡིས་སྤྱི་ཚོགས་ཞབས་ཞུའི་ཆེད་གོ་སྒྲིག་ཞུས་པའི་རྒྱན་ཤོག་ (Lottery Draw) འཐེན་གནང་རྗེས། ས་གནས་མི་མང་དང་སློབ་ཕྲུག་ནས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་གནང་བ་བཅས་ཀྱི་གནས་ཚུལ་དུ།།