རྒྱ་གར་བྱང་ཤར་ས་ཁུལ་གྱི་བོད་མིའི་ས་གནས་འཐུས་ཚོགས་ཁག་ཚགས་ཚུད་དང་སྲ་བརྟན་ཡོང་སླད་ཀྱི་ཟབ་སྦྱོང་དངོས་སུ་དབུ་འཛུགས་སྐྱོང་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༦ ནས་ ༡༠ བར་ཉིན་ལྔའི་རིང་རྒྱ་གར་བྱང་ཤར་ས་ཁུལ་གྱི་བོད་མིའི་གཞིས་ཆགས་ཤེས་ལོངས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་འོག་མེའོ་ཆོས་འཕེལ་གླིང་། ཀྲུ་ཀྲིང་། ཏི་རྫུ་དར་རྒྱས་གླིང་། ཤེས་ལོངས། འབུམ་ལ་བསྟན་འཛིན་སྒང་བཅས་ཀྱི་ས་འཐུས་རྣམ་པ་དང་། ས་གནས་འགོ་འཛིན་ཁྱོན་མི་གྲངས་ ༤༩ ཙམ་ལ་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། དེ་བཞིན་གཞུང་དངུལ་འདུ་འགོད་དང་ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་གྱི་སྒྲིག་གཞི་སོགས་ཀྱི་ཟབ་སྦྱོང་དབུ་འཛུགས་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་ཤེས་ལོངས་ས་གནས་འགོ་འཛིན་ཚེ་རིང་དོན་གྲུབ་ལགས་ནས་འཚམས་འདྲིའི་གསུང་བཤད་གནང་བ་དང་། དེ་རྗེས་ཟབ་སྦྱོང་གནང་མཁན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་ཟབ་སྦྱོང་གོ་སྒྲིག་ཞུ་དགོས་པའི་རྒྱུ་མཚན་དང་ཚོགས་དྲུང་ལས་ཁུངས་ངོ་སྤྲོད་གནང་གྲུབ་མཚམས་ཟབ་སྦྱོང་བ་ཡོངས་ནས་རང་ཉིད་ངོ་སྤྲོད་གནང་བ་དང་། ཉིན་རྒྱབ་ལ་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་སོགས་ཀྱི་ཟབ་ཁྲིད་གནང་བ་བཅས་ཀྱི་གནས་ཚུལ་དུ།།