རྒྱ་གར་བརྙན་འཕྲིན་གསར་འགྱུར་ཚན་པ་ Times Now ཡི་སྐུ་ཞབས་ Maroof Raza ལགས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།


༄༅། ། ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༣ ཉིན་རྒྱ་གར་བརྙན་འཕྲིན་གསར་འགྱུར་ཚན་པ་ Times Now ཡི་ (Consultant and strategic Affairs Expert) སྐུ་ཞབས་ (Maroof Raza) ལགས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤།༣༠ ཐོག་སྐུ་ཞབས་ཁོང་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་ཕེབས་བསུའི་སྣེ་ལེན་ཞུས་གནང་བ་དང་སྦྲགས། བོད་དང་བོད་མིའི་འཐབ་རྩོད་ཀྱི་གནས་བབས་ངོ་སྤྲོད་དང་། ད་ལྟའི་བོད་ནང་གི་གནས་བབས་སྐོར། རྒྱལ་སྤྱིའི་ནང་བོད་དོན་ཐོག་ལས་འགུལ་ཇི་ལྟར་སྤེལ་གནང་དང་། དེ་བཞིན་རྒྱབ་སྐྱོར་ཇི་ཐོབ། ལྷག་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱ་གར་གཙོས་འཛམ་གླིང་རྒྱལ་ཁབ་ཁག་ནང་བོད་དོན་ཞུ་སྐུལ་གྱི་ལས་འགུལ་གང་དང་གང་སྤེལ་གྱི་ཡོད་པའི་སྐོར་སོགས་ཀྱི་ཐོག་གསུངས་གནང་ཡོད།
ཕྱོགས་མཚུངས་སྐུ་ཞབས་ཁོང་གིས་བརྙན་འཕྲིན་གྱི་བརྒྱུད་ལམ་ཐོག་བོད་ཀྱི་གནད་དོན་ཐོག་དྲི་རྩད་དང་། རྒྱ་ནག་གི་སྤྱི་ཡོངས་སྲིད་བྱུས་དང་། ལྷག་པར་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་འཛིན་པའི་སྲིད་བྱུས་སོགས་ཀྱི་ཐོག་རྒྱ་གར་སྤྱི་ཚོགས་ནང་གོ་རྟོགས་སྤེལ་བཞིན་ཡོད་པའི་སྐོར་དང་། མ་འོངས་པར་གསར་འགྱུར་བརྒྱུད་ལམ་ནང་བོད་རྒྱའི་དཀའ་རྙོག་དང་བོད་ཀྱི་གནད་དོན་ཐོག་བགྲོ་གླེང་སོགས་གོ་སྒྲིག་ཞུ་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་ཀྱང་གདན་ཞུ་གནང་རྒྱུའི་ཞལ་བཞེས་གནང་ཡོད། དེ་རྗེས་སྐུ་ཞབས་ཁོང་སྤྱི་ལྷན་གྱི་གྲོས་ཚོགས་ཚོགས་ཁང་དང་དཔེ་མཛོད་ཁང་དུ་གཟིགས་བསྐོར་གནང་བ་བཅས་ཀྱི་གནས་ཚུལ་དུ། །