རྒྱ་གར་བའི་སློབ་ཕྲུག་ཁག་གཅིག་ལ་བོད་དོན་ངོ་སྤྲོད།

 

རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་རང་དབང་སློབ་ཕྲུག་ཚོགས་པས་རྒྱ་གར་བའི་སློབ་ཕྲུག་ཁག་གཅིག་ལ་བོད་དོན་ངོ་སྤྲོད་ཆེད་ལོ་ལྟར་བསྐོར་བསྐྱོད་ཀྱི་ལས་རིམ་གོ་སྒྲིག་ཞུ་བཞིན་ཡོད་པ་ལྟར། ད་རེས་ཀྱི་བསྐོར་བསྐྱོད་ཐེངས་ལྔ་པ་དེར་རྒྱ་གར་ས་ཕྱོགས་འདྲ་མིན་ནས་ཕེབས་པའི་སློབ་ཕྲུག་ཕོ་མོ་གྲངས་ ༡༤ ལ་དེ་རིང་ཕྱི་ཟླ་ ༦ ཚེས་ ༢༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ ནས་ ༡༠།༣༠ བར་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་གནང་སྟེ་བོད་མིའི་མང་གཙོའི་འཕེལ་རིམ་གྱི་སྐོར་ལ་གསུང་བཤད་གནང་བ་དང་སྦྲགས། སློབ་ཕྲུག་རྣམས་ཀྱིས་དོགས་དྲི་བཏོན་ཁག་ལ་བཀའ་ལན་ཞིབ་སྩལ་གནང་ཡོད། ལྷག་པར་དུ་དེ་རིང་ནི་རྒྱལ་སྤྱིའི་སྐྱབས་བཅོལ་གྱི་ཉིན་མོ་ཡིན་པས་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། འཐུས་མི་རྣམས་ཀྱིས་རང་རང་སོ་སོའི་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་བོད་དོན་སྐོར་ལ་གླེང་སློང་བྱེད་ཀྱི་ཡོོད་པ་བཞིན། རྒྱ་གར་བའི་སློབ་ཕྲུག་ཚོ་ཁག་དེ་རིང་བཞུགས་སྒར་དུ་བསྐོར་བསྐྱོད་ཀྱི་གོ་སྐབས་དང་བསྟུན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པས་དབུས་སྤྱི་འཐུས་རྒྱུན་ལས་རྣམས་དང་མཇལ་འཕྲད་ཀྱིས་སྤྱི་འཐུས་རྒྱུན་ལས་རྣམ་པར་མཇལ་དར་འབུལ་ལམ་ཞུས་ཏེ། ཁོང་རྣམས་ཀྱིས་མ་འོངས་པར་བོད་དོན་ཐོག་རྒྱབ་སྐྱོར་སྔར་ལྷག་གནང་རྒྱུའི་ཁས་ལེན་ཡང་གནང་འདུག