རྒྱ་གར་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་བཀའ་སློབ་གསུང་བཤད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༡༧ ཉིན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་གོ་སྒྲིག་གནང་བའི་རྒྱ་གར་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་བཀའ་སློབ་གསུང་བཤད་གནང་སོང་།

དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། གཞན་ཡང་སྐུ་མགྲོན་དུ་འབྲས་ལྗོངས་སློབ་གྲྭ་ཆེན་པོའི་ཉེ་བའི་རིགས་བདག་ཟུར་པ་སློབ་དཔོན་ཆེན་མོ་ (Professor Tanka Bahadur Subba, Former Vice-Chancellor of the University of Sikkim) ལགས། བོད་ཀྱི་ལོ་རྒྱུས་མཁས་པ་ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཀུན་དགའ་རྒྱལ་མཚན་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས། དེ་བཞིན་ཉམས་ཞིབ་པ་རྣམ་པ་སོགས་འདུ་འཛོམས་ཀྱིས་ཐོག་མར་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཙོ་མཆོག་ནས་སྣང་གསལ་མར་མེ་ཞལ་ཕྱེ་དང་། དེ་རྗེས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཀུན་དགའ་རྒྱལ་མཚན་ལགས་ནས་ཕེབས་བསུའི་གསུང་བཤད་གནང། སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་འབྲས་ལྗོངས་སློབ་གྲྭ་ཆེན་པོའི་ཉེ་བའི་རིགས་བདག་ཟུར་པ་སློབ་དཔོན་ཆེན་མོ་ (Professor Tanka Bahadur Subba, Former Vice-Chancellor of the University of Sikkim) ལགས་རྣམ་གཉིས་ནས་མཛད་སྒོ་དང་འབྲེལ་བའི་བཀའ་སློབ་གསུང་བཤད་གནང་སོང་།

དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་ཞུ་གནང་བ་དང་སྦྲགས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་འདི་ལྟ་བུའི་ཚོགས་འདུ་གོ་སྒྲིག་གནང་བ་དེས་ཉམས་ཞིབ་པ་ཚོར་ཁོང་ཚོའི་ཉམས་ཞིབ་གྲུབ་འབྲས་རྣམས་ཕན་ཚུན་གོ་བསྡུར་སྦྱང་བཤད་བྱ་རྒྱུའི་སྡིངས་ཆ་བསྐྲུན་གྱི་ཡོད་པས་ལེགས་གསོལ་བསྔགས་བརྗོད་གནང་སོང་།

དེ་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་ཀྱི་དངོས་འབྲེལ་ལོ་རྒྱུས་དང་། དེ་བཞིན་བོད་མཐོ་སྒང་གི་ཁོར་ཡུག་གལ་གནད་ཆེ་ཚུལ། བོད་ནང་གི་ད་ལྟའི་གནས་སྟངས་སོགས་ཀྱི་སྐོར་བཀའ་སློབ་གནང་སོང་བ་མ་ཟད་ཚོགས་འདུར་བཅར་བཞིན་པའི་རྒྱ་གར་ཉམས་ཞིབ་པ་ཚོར་བོད་དང་རྒྱ་ནག་གཉིས་ཀྱི་ལོ་རྒྱུས་ཐོག་ཉམས་ཞིབ་བྱ་དགོས་པའི་ལམ་སྟོན་ཡང་གནང་སོང་། ལྷག་པར་དུ་ཉམས་ཞིབ་པ་རྣམ་པས་རྒྱ་དཀར་ནག་གཉིས་བར་ལོ་རྒྱུས་ཐོག་ས་མཚམས་ནམ་ཡང་བྱུང་མྱོང་མེད་པ་སྒྲུབ་དགོས་པ་སོགས་བཀའ་སློབ་ལམ་སྟོན་ཟབ་རྒྱས་གནང་སོང་།