རྒྱ་གར་དབྱུག་རྩེད་སྤོ་ལོ་རྩེད་མཁན་ཟུར་པ་སྙན་གྲགས་ཅན་སྐུ་ཞབས་མུ་རཱ་ལི་ཀར་ཏིག་མཆོག་གིས་གཙོས་གནད་ཡོད་མི་སྣ་ཁག་ཅིག་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་གིས་མཇལ་འཕྲད་གནང་བ།

༄༅། ། རྒྱ་གར་དབྱུག་རྩེད་སྤོ་ལོ་རྩེད་མཁན་ཟུར་པ་དང་། ད་ལྟ་དབྱུག་རྩེད་སྤོ་ལོའི་འགྲེལ་བརྗོད་པ་ (Commentator) གྲགས་ཅན་སྐུ་ཞབས་མུ་རཱ་ལི་ཀར་ཏིག་ (Murali Kartik) མཆོག་དང་། རྒྱ་གར་གྱི་ཆེས་མཐོའི་མི་སྣ་ཁག་ཅིག་བཅས་ཁྱོན་མི་སྣ་ ༡༢ བཞུགས་སྒར་རྡ་སར་ཕེབས་པ་དང་བསྟུན། རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་སྐུ་ཞབས་གན་དྷི་ལགས་བརྒྱུད་ནས་དཔལ་ལྡན་ཚོགས་གཞོན་མཆོག་དང་ལྷན་མཇལ་འཕྲད་གནང་རྒྱུའི་དུས་ཚོད་སྔོན་ནས་ཞུས་དོན་ལྟར། དེ་རིང་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༠༠ ཙམ་ལ་ཁོང་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་སྣེ་ལེན་མཇལ་འཕྲད་གནང་སོང་།

སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཐོག་མར་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། སྐུ་ཞབས་མུ་རཱ་ལི་ཀར་ཏིག་མཆོག་གིས་གཙོས་སྐུ་མགྲོན་ཡོངས་ལ་འཚམས་འདྲིའི་མཇལ་དར་དང་། བོད་དོན་དང་འབྲེལ་བའི་ཆབ་སྲིད་ཀྱི་དཔེ་དེབ་ཁག་ ༡༢། སྐུ་ཞབས་མུ་རཱ་ལི་ཀར་ཏིག་མཆོག་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ཐང་ཆུང་བ་ཞིག་ཕྱག་རྟགས་སུ་ཕུལ་རྗེས། དཔལ་ལྡན་ཚོགས་གཞོན་མཆོག་གིས་ཁོང་རྣམས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲོམ་གཞི་དང་། གྲོས་ཚོགས་ནང་སྤྱི་འཐུས་རྣམ་པས་བོད་ཕྱི་ནང་གཉིས་ཀྱི་སྐུ་ཚབ་ཀྱི་འགན་ཁུར་གནང་བའི་ཐོག་ནས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། མི་རིགས་སྲུང་སྐྱོབ་གནང་ཕྱོགས་དང་། བོད་དོན་དྲིལ་བསྒྲགས་གནང་ཕྱོགས། སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་གནང་གི་ཡོད་པ་སོགས་གྲོས་ཚོགས་ནང་གནད་དོན་གང་དང་གང་གི་ཐོག་གྲོས་བསྡུར་གནང་གི་ཡོད་པ་སོགས་ངོ་སྤྲོད་དང་།

དེ་བཞིན་ཕྱི་ལོ ༡༩༥༩ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་རྗེས། བོད་མིའི་སྒྲིག་འཛུགས་མང་གཙོའི་ལམ་ལུགས་ཐོག་ལ་བསྐྱོད་རྒྱུར་བཀའ་སློབ་ཕེབས་དོན་ལྟར། ཕྱི་ལོ་ ༡༩༦༠ ལོར་སྤྱི་འཐུས་སྐབས་དང་པོས་དམ་འབུལ་ཞུས་པ་ནས་བཟུང་ད་བར་ལོ་ངོ་ ༦༠ ལྷག་གི་རིང་མང་གཙོའི་ལམ་ལུགས་ཐོག་བསྐྱོད་བཞིན་ཡོད་པ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༡༡ ལོར་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་དབུ་འཁྲིད་ཁག་ལ་རྩིས་སྤྲོད་གནང་ཡོད་པ་སོགས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར། བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་གནང་མཁན་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་རྒྱབ་སྐྱོར་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་སོགས་ད་ཆ་བོད་ཀྱི་གནད་དོན་དེ་བཞིན་རྒྱལ་སྤྱིའི་གནད་དོན་ཆགས་ཡོད་ལུགས།

གཞན་ཡང་འཕགས་བོད་གཉིས་དབར་ལོ་རྒྱུས་ཐོག་མི་རྒྱུད་དང་། རྒྱལ་རྒྱུད། སྐད་ཡིག ཆོས། རིག་གཞུང་། ས་མཚམས། ཚོང་འབྲེལ། ཁོར་ཡུག དཔལ་འབྱོར་སོགས་ཀྱི་འབྲེལ་བ་ཡོད་པར་བརྟེན། བོད་ཀྱི་གནད་དོན་དེ་རྒྱ་གར་དང་། ཁྱིམ་མཚེས་རྒྱལ་ཁབ་ཚང་མར་གལ་ཆེན་པོ་ཆགས་ཀྱི་ཡོད་གནས། རྒྱ་ནག་གཞུང་ནས་བོད་ནང་དམ་བསྒྲགས་ཆེ་རུ་བཏང་དང་གཏོང་བཞིན་ཡོད་པ་མ་ཟད། ༧གོང་ས་མཆོག་གི་༧སྐུའི་ཡང་སྲིད་ཐོག་ལའང་ཐེ་བྱུས་བྱེད་བཞིན་ཡོད་སྟབས། བཙན་བྱོལ་ནང་དམིགས་བསལ་ཚོགས་ཆེན་དང་། རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན། དེ་བཞིན་ཨ་རིའི་གྲོས་ཚོགས་བཅས་ནས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ངོས་འཛིན་ཐག་གཅོད་བྱ་རྒྱུའི་འགན་དབང་ནི་མགོན་པོ་གང་ཉིད་མཆོག་དང་། དཔལ་ལྡན་དགའ་ལྡན་ཕོ་བྲང་ལ་ཡོད་པ་ལས་རྒྱ་ནག་གཞུང་ལ་ཐེ་བྱུས་བྱ་དབང་མེད་པའི་གྲོས་ཆོད་བཞག་ཡོད་སྐོར།

བོད་རྒྱའི་དཀའ་རྙོག་སེལ་རྒྱུར་བོད་མིའི་སྒྲིག་འཛུགས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་བའི་ཐོག་ནས་བོད་རྒྱ་ཞི་མོལ་ཡོང་ཐབས་བྱེད་བཞིན་ཡོད་སྐོར། རྒྱ་གར་གྱི་དབྱུག་རྩེད་སྤོ་ལོ་རྩེད་མཁན་ཟུར་པ་སྐུ་ཞབས་ཀི་རྟི་ ཨ་ཛཱ་དྷ་ (Kirti Azad) མཆོག་དང་། སྐུ་ཞབས་ཨ་ཇེ་ ཇཱ་དྷེ་ཇཱ་ (Ajay Jadeja) མཆོག་རྣམ་གཉིས་ལྟ་བུ་དབྱུག་རྩེད་སྤོ་ལོ་རྩེད་མཁན་ནང་ལའང་བོད་དོན་རྒྱབ་སྐྱོར་གནང་མཁན་ཡོད་སྐོར་སོགས་གསུངས་གནང་བ་མ་ཟད། ཁོང་རྣམ་པ་དང་། ལྷག་པར་དུ་སྐུ་ཞབས་མུ་རཱ་ལི་ཀར་ཏིག་མཆོག་ནས་འགན་ཁུར་མང་ཙམ་བཞེས་པའི་ཐོག་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་གནང་སོང་།

ཁོང་རྣམ་པས་ཀྱང་ད་རེས་བོད་ཀྱི་གནད་དོན་སྐོར་གོ་རྟོགས་ཡག་པོ་བྱུང་སྐོར་དང་། མ་འོངས་པར་གང་ཐུབ་ཀྱིས་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་རྗེས། ཁོང་རྣམས་ལ་གསོལ་ཇ་བཞེས་ཏོག་འདེགས་འབུལ་ཞུས་གནང་སོང་། དེ་ནས་ཁོང་རྣམས་བོད་ཀྱི་དཔེ་མཛོད་ཁང་དང་། དབུས་སྨན་རྩིས་ཁང་བཅས་ལ་གཟིགས་སྐོར་ཕེབས་གནང་ཡོད་པ་བཅས། །