རྒྱ་གར་དབུས་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་གཙོ་མཆོག་བཞུགས་སྒར་དུ་ཕེབས་པར་དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོས་སྤྱི་ལྷན་སྐུ་ཚབ་ནས་འཚམས་འདྲི་ཞུས་པ།

༄༅། ། ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༡༨ ཉིན་རྒྱ་གར་དབུས་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཇགཱཏ་པརྐཤ་ན་ཌཱ་ (Shri Jagat Prakash Nadda) མཆོག་བཞུགས་སྒར་རྡ་ས་རུ་ཧི་མ་ཅཱལ་མངའ་སྡེའི་བྷི་ཇེ་པི་རྒྱལ་ཡོངས་ཚོགས་ཆེན་ཐོག་ཕེབས་སྐབས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་སྣེ་ཁྲིད་འོག སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་དང་། སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་བཅས་ནས་མཇལ་འཕྲད་གནང་འདུག

དེ་ཡང་སྔ་དྲོ་ཆུ་ཚོད་ ༡༢།༣༠ ཙམ་ལ་སྐུ་ཞབས་ཁོང་ཚོགས་འདུ་འཚོགས་ཡུལ་རྡ་ས་ཌི་པོ་ལོ་གསོལ་མགྲོན་ཁང་ (D’Polo hotel) དུ་ཆེད་བཅར་གནང་སྐབས་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་སྐུ་ཞབས་ཁོང་རྒྱ་གར་དབུས་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་གཙོར་བདམས་ཐོན་བྱུང་བའི་རྗེས་རྡ་ས་བཞུགས་སྒར་ལ་ཐེངས་དང་པོ་ཆེད་ཕེབས་གནང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་ཞུས་གནང་བ་དང་སྦྲགས་མཇལ་འཕྲད་གནང་འདུག

རྩ་བའི་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ད་བར་སྐུ་ཞབས་ཇགཱཏ་པརྐཤ་ན་ཌཱ་མཆོག་དང་ལྷན་ཐེངས་གསུམ་མཇལ་འཕྲད་གནང་ཡོད་ཅིང་། སྐུ་ཞབས་ཁོང་ནི་བོད་དོན་ཐོག་མཁྱེན་རྒྱ་ཆེན་པོ་ཡོད་པ་མ་ཟད། རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་བཅས། །