རྒྱ་གར་དབུས་བཟོ་ལས་བློན་ཆེན་ར་ཇ་ཝིར་སྦཊར་སིང་(Raja Virbhadra Singh)མཆོག་གི་འཁྲུངས་སྐར་དང་། ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཏེ་ལོ་ཧྲིལ་པོ་ ༥༠ འཁོར་བའི་དམིགས་བསལ་མཛད་སྒོར་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ཆེད་བཅར་རྟེན་འབྲེལ་ཞུས་པ།

Raja Vlrrhadra SinghRaja Vlrrhadra Singh

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༣ ཉིན་རྒྱ་གར་དབུས་བཟོ་ལས་བློན་ཆེན་ར་ཇ་ཝིར་སྦཊར་སིང་(Raja Virbhadra Singh)མཆོག་དགུང་གྲངས་ ༧༨ ཕེབས་པའི་འཁྲུངས་སྐར་དང་། ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཏེ་ལོ་ཧྲིལ་པོ་ ༥༠ འཁོར་བའི་དམིགས་བསལ་མཛད་སྒོ་ཞིག་སིམ་ལར་འཚོགས་གཏན་འཁེལ་བ་ལྟར།  བློན་ཆེན་ར་ཇ་ཝིར་སྦཊར་སིང་མཆོག་ནི་ཐོག་མཐའ་བར་གསུམ་བོད་ལ་ཤ་ཚ་དང་རྒྱབ་སྐྱོར་ཁ་ཞེ་གཉིས་མེད་གནང་མཁན་ཞིག་ཡིན་པར་བརྟེན། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང། སྤྱི་འཐུས་སྐལ་བཟང་རྒྱལ་མཚན་ལགས། བཀའ་ཤག་གི་སྐུ་ཚབ་སིམ་ལ་ས་གནས་འགོ་འཛིན་ཚེ་རིང་བཀྲ་ཤིས་ལགས། སིམ་ལ་ས་འཐུས་ཚོགས་གཙོ་བསྟན་འཛིན་ལགས་བཅས་ཆེད་བཅར་འཚམས་འདྲིའི་མཇལ་དར་དང་ཕྱག་རྟགས་ཕུལ་ཡོད།

 

དེ་ཡང་བློན་ཆེན་མཆོག་ལ་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་མཇལ་དར་སྒྲོན་འབུལ་ཞུས་རྗེས། ཕྱགས་རྟགས་སུ་ཚེ་དཔག་མེད་ཀྱི་སྐུ་བརྙན་ཞིག་དང་། བློན་ཆེན་མཆོག་གི་སྐུ་ཟླར་སྟོད་གཡོག་(shawl ཤོལ་)ཕུལ་མཚམས། བློན་ཆེན་མཆོག་གི་སྐུའི་འཁྲུངས་སྐར་དང་། ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཏེ་མི་ལོ་ ༥༠ འཁོར་བར་འཚམས་འདྲིའི་བཀྲིས་རྟེན་འབྲེལ་ཞུས་པ་དང་། སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་འདུན་ཞུས་པ་མ་ཟད། བློན་ཆེན་མཆོག་ནས་འདས་པའི་མི་ལོ་ ༥༠ རིང་བོད་མིར་རྒྱབ་སྐྱོར་བླ་མེད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། དམིགས་བསལ་རྒྱ་གར་གཞུང་ནས་བོད་མི་སྐྱབས་བཅོལ་བ་རྣམས་རྒྱ་གར་དུ་ཕ་ཡུལ་གཉིས་པ་ལྟ་བུ་ལྷོད་ལྷོད་སྡོད་གནས་ཆོག་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ད་ལྟའི་ཆར་བོད་ནང་དུ་གནས་ཚུལ་ཇེ་ཞན་ཇེ་སྡུག་ཏུ་སོང་སྟེ་བོད་མི་ ༤༡ གིས་རང་ལུས་མེར་བསྲེགས་བཏང་སྟེ། བོད་མི་ ༣༡ འདས་གྲོངས་སུ་གྱུར་ཟིན་པ་དང། མང་པོ་ཞིག་རྒྱ་ལག་ཏུ་ཚུད་དེ་གནས་ཚུལ་ཤེས་རྟོགས་དཀའ་བའི་ཛ་དྲག་གནས་སྟངས་ངོ་སྤྲོད་རོབ་ཙམ་གནང་བ་དང་འབྲེལ། བློན་ཆེན་མཆོག་ནས་ད་དུང་མུ་མཐུད་བོད་མི་དང་བོད་དོན་ལ་སྔར་བཞིན་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རོགས་ཞུས་པར། བློན་ཆེན་མཆོག་ནས་ཐུགས་དགྱེས་ཚོར་ཆེན་པོས། ཁྱེད་ཚོ་ཕེབས་པར་དམིགས་བསལ་ཐུགས་རྗེ་ཆེ་དང་། གཙོ་བོ་༸གོང་ས་མཆོག་སྐུ་ཚེ་བརྟན་དགོས་པ་གལ་ཆེན་པོ་ཡིན་ཅིང་། ང་ཚོར་མཚོན་ན་ག་དུས་ཡིན་ནའང་བོད་པར་རྒྱབ་སྐྱོར་དང་། བོད་པའི་རྒྱབ་ཏུ་ཡོད་ཡོད་པ་ཡིན་ཞེས་ཕན་ཚུན་སྐར་མ་ ༥༠ ཙམ་རིང་གླེང་མོལ་ལྷོད་ལྷོད་བྱུང་འདུག

 

བློན་ཆེན་ར་ཇ་ཝིར་སྦཊར་སིང་(Raja Vlrrhadra Singh)མཆོག་ནི་རམ་སྤུར་གྱི་རྒྱལ་པོ་ཡིན་པ་དང་། སྔ་རྗེས་སུ་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལན་མང་དང་། རྒྱ་གར་དབུས་གྲོས་ཚོགས་ཀྱི་འཐུས་མི། རྒྱ་གར་དབུས་ངར་ལྕགས་བློན་ཆེན། རྒྱ་གར་དབུས་བཟོ་ལས་བློན་ཆེན་སོགས་རྒྱ་གར་གྱི་གནད་ཡོད་མི་སྣ་ཞིག་ཡིན་པ་མ་ཟད། དམིགས་བསལ་བོད་པ་དང་འབྲེལ་བ་གཏིང་ཟབ་ཡོད་དེ། ཐོག་མཐའ་བར་གསུམ་བོད་མིར་ཤ་ཚ་དང་རྒྱབ་སྐྱོར་ཁ་ཞེ་གཉིས་མེད་གནང་མཁན་ཞིག་ཡིན་པ་རེད།

Raja Vlrrhadra SinghRaja Vlrrhadra Singh