རྒྱ་གར་དབུས་གཞུང་གྲངས་ཉུང་མི་རིགས་ཚོགས་ཆུང་གི་ནང་པའི་སྐུ་ཚབ་ལྕམ་སྐུ་རིན་ཆེན་ལྷ་མོ་མཆོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་པ།

༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༢ ཚེས་ ༩ ཉིན་སྔ་དྲོ་རྒྱ་གར་དབུས་གཞུང་གྲངས་ཉུང་མི་རིགས་ཚོགས་ཆུང་གི་ནང་པའི་སྐུ་ཚབ་ལྕམ་སྐུ་རིན་ཆེན་ལྷ་མོ་མཆོག་དང་། ཀངྒ་ར་རྫོང་གི་སྤྱི་ཚོགས་བདེ་དོན་འགན་འཛིན་ (District Social Welfare Officer) དང་། གཞན་ལས་བྱེད་ཁག་ཅིག་བཅས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་གནང་ཡོད།

སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་སྣེ་ལེན་མཇལ་འཕྲད་དང་། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་དང་སྦྲགས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་ལས་དོན་གནང་ཕྱོགས་སོགས་ངོ་སྤྲོད་གནང་རྗེས།

སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་ལྕམ་སྐུ་རིན་ཆེན་ལྷ་མོ་མཆོག་གིས་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་རྣམས་དང་ལྷན་མཇལ་འཕྲད་གནང་སོང་།

མཇལ་འཕྲད་སྐབས། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་ཐོག་མར་རྒྱ་གར་གཞུང་མང་གཉིས་ནས་ད་བར་བོད་དོན་དང་། བོད་མི་རྣམས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ལྕམ་སྐུ་མཆོག་ད་རེས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་གདན་ཞུས་གནང་ཐུབ་པར་དགའ་སྤོབས་ཆེན་པོ་བྱུང་སྐོར་དང་། དེ་བཞིན་བོད་ནང་རྒྱ་ནག་དམར་གཞུང་གིས་བཙན་བཟུང་འོག ཆོས་དད་རང་དབང་མེད་པ་དང་། བོད་མི་རྣམས་ཉེས་མེད་འཛིན་བཟུང་བཙན་ཁྲིད། བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་སོགས་ལག་བསྟར་བྱས་དང་བྱེད་བཞིན་ཡོད་པའི་སྐོར་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་སྦྲགས། རྒྱ་གར་གཞུང་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དོ་ཁུར་ཆེ་བཞེས་ཀྱིས་རྒྱ་དམར་གཞུང་ལ་དྲི་བ་དང་། གླེང་སློང་ཡོང་ཐབས་དང་། བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་བཅས་ཞུས་གནང་སོང་།

ལྕམ་སྐུ་རིན་ཆེན་ལྷ་མོ་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་དང་བཅས་ཏེ། ད་རེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྣེ་ལེན་གཟབ་རྒྱས་གནང་བར་ཐུགས་རྗེ་ཆེ་ཞུས་པ་སྦྲགས། འདས་པའི་ལོ་ཤས་ནང་རྒྱ་གར་གཞུང་གིས་རྒྱ་ནག་གཞུང་ལ་འབྲེལ་བ་གནང་ཕྱོགས་ཐད་འགྱུར་བ་ཐེབས་ཡོད་པ་མངོན་གསལ་དོད་པོ་ཡིན་གནས་དང་། རྒྱ་གར་གཞུང་གིས་རྟག་ཏུ་བོད་དོན་ཐོག་རྒྱབ་སྐྱོར་གནང་ངེས་ཡིན་སྐོར་སོགས་གསུངས་སོང་། གཞན་ཡང་ལྕམ་སྐུ་མཆོག་གིས་ཁོང་ཉིད་ཉེ་ཆར་ཚོགས་ཟིན་པའི་རྒྱ་གར་རྒྱལ་ཡོངས་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་ཆེན་ཐོག་མཉམ་ཞུགས་གནང་བའི་སྐོར་དང་། དེའི་སྐབས་ཚོགས་བཅར་བ་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་རྣམ་པ་བོད་དོན་ཐོག་སེམས་ཤུགས་ཆེན་པོ་ཡོད་པའི་གཟིགས་ཚུལ་བྱུང་སྐོར་གསུངས་སོང་།

མཐར་ཁོང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་འཚོ་བཞུགས་སྐབས། བོད་ཀྱི་བདེན་མཐའ་གསལ་རྒྱུའི་རེ་བ་ཆེན་པོ་ཡོད་ཅེས་གསུངས་གནང་རྗེས། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ལྕམ་སྐུ་རིན་ཆེན་ལྷ་མོ་མཆོག་ལ་རྗེ་བཙུན་སྒྲོལ་མའི་ཞལ་ཐང་ཞིག་ཕུལ་གནང་སོང་།

དེ་ནས་དཔལ་ལྡན་ཚོགས་གཞོན་མཆོག་དང་། ལྕམ་སྐུ་རིན་ཆེན་ལྷ་མོ་མཆོག སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག་བཅས་བོད་ཀྱི་དཔེ་མཛོད་ཁང་དང་། བོད་ཀྱི་འགྲེམ་སྟོན་ཁང་། ཆེས་མཐོའི་ཁྲིམས་ཞིབ་ཁང་། བཀའ་ཤག རྡ་སྟེང་བོད་ཕྲུག་ཁྱིམ་སྡེ། བོད་ཀྱི་ཟློས་གར་བཅས་ལ་གཟིགས་སྐོར་ཕེབས་གནང་བ་དང་། བཀའ་ཤག་ཏུ་དཔལ་ལྡན་སྲིད་ཚབ་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་སྐུ་མགྲོན་རྣམ་པར་སྣེ་ལེན་མཇལ་འཕྲད་དང་། བཙན་བྱོལ་བོད་མིའི་བདེ་སྡུག་དང་འབྲེལ་བའི་གནད་དོན་ཁག་ཅིག་གི་ཐོག་བཀའ་བསྡུར་ལྷུགས་པོ་གནང་སོང་བ་བཅས། །