རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་ཕུན་ཚོགས་རྣམ་རྒྱལ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐུགས་གསོའི་གསུང་འཕྲིན་གནང་བ།

༄༅། །རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་དང་། རྒྱ་གར་གྱི་གྲོས་ཚོགས་འོག་མ་སྐབས་བདུན་པ་དང་། བརྒྱད་པ། བཅུ་གཅིག་བཅས་ཀྱི་འཐུས་མི་ཟུར་པ་ཕུན་ཚོགས་རྣམ་རྒྱལ་མཆོག་ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡ ཉིན་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དམ་པ་གང་གི་ལྕམ་སྐུ་དང་ནང་མི་ལྟོས་བཅས་ལྷན་རྒྱས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་གནང་བའི་ནང་འཁོད་དོན། སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོན་པར་བློ་ཕམ་གྱི་གནས་སུ་གྱུར་པ་དང་། ཁོང་གི་ཉེ་འབྲེལ་ཤུལ་ལུས་ལྕམ་སྐུས་དབུས་ནང་མི་སྤུན་མཆེད་རྣམས་ཀྱང་ཡིད་གདུང་ཆེན་པོའི་ངང་ཡོད་ངེས་ཀྱང་། འཇིག་རྟེན་གྱི་སྐྱེ་འགྲོ་ཀུན་ལ་སྐྱེ་འཆི་ཡི་རང་དབང་མེད་པ་ཆོས་ཉིད་ལ་དགོངས་རྒྱ་ཆེ་བཞེས་དང་འབྲེལ་དམ་པ་དེ་ཉིད་ཀྱི་ཆེད་རྣམ་དཀར་གྱི་གནང་སྒོ་རིམ་པ་རྣམས་གནང་བཞིན་ཡོད་པར་གཞིར་བཅས་ཤིང་། དམ་པ་དེ་ཉིད་ཀྱིས་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་དང་། གཞུང་དང་ཚོགས་སྡེ་དུ་མའི་ནང་སྤྱི་ཚོགས་ལ་སྨན་པའི་ཕྱག་ལས་ལོ་མང་གནང་བ། ལྷག་པར་དུ་ཁོང་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་དད་གུས་ཆེན་པོ་གནང་མཁན་ཞིག་དང་། བཙན་བྱོལ་བོད་མིའི་གནད་ཡོད་མི་སྣ་མང་དག་དང་མཇལ་འཕྲད་ཀྱིས་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར། དེ་བཞིན་བཙན་བྱོལ་བོད་མི་རྣམས་ལ་རྒྱ་གར་གཞུང་ཕྱོགས་ནས་མཐུན་འགྱུར་གནང་རྒྱུར་རྒྱ་གར་གྲོས་ཚོགས་ནང་བཀའ་མོལ་ཤུགས་ཆེ་གནང་མཁན་གྱི་གྲས་ཤིག་ཡིན་པར་བརྟེན། བཀའ་དྲིན་སྙིང་བཅངས་ཀྱིས་བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ཀྱི་ཚབ་ཞུས་ཏེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་དང་། དམ་པ་ཁོང་གིས་གཞུང་དང་ཚོགས་སྡེ་ཁག གཞན་ཡང་ཁོར་ཡུག་སྲུང་སྐྱོབ་ཀྱིས་མཚོན་པའི་སྤྱི་ཚོགས་ལ་ཞབས་ཞུ་མཐར་སོན་གནང་བའི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། མཆོག་གསུམ་རྒྱལ་བའི་སྤྱན་མངར་མཆོད་སྤྲིན་དང་བཅས་གང་གིས་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ཅིང་། རྣམ་མཁྱེན་རྒྱལ་བའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་སྦྲགས། ཤུལ་ལུས་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ། ཞེས་འཁོད་གནང་ཡོད་པ་བཅས། །