རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་སྐུ་ཞབས་ཤྷ་རཱད་ ཡ་དྷེབ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་ཐུགས་གསོ་ཞུས་པ།

ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༡༥ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་རྒྱལ་ས་ལྡི་ལིར་སྐུ་ཞབས་ཤྷ་རཱད་ ཡ་དྷེབ་ (Shri Sharad Yadav) མཆོག་དང་མཇལ་འཕྲད་གནང་སྐབས།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༡༢ ཉིན་རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་སྐུ་ཞབས་ཤྷ་རཱད་ ཡ་དྷེབ་ (Shri Sharad Yadav) མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། དེ་རིང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། དམ་པ་ཁོང་གི་བུ་མོ་དང་ནང་མི་ལྷན་རྒྱས་ཡོངས་ལ་ཐུགས་གསོ་ཞུས་གནང་འདུག

དམ་པ་ཁོང་གི་བུ་མོ་རྒྱ་གར་ཀོང་རེ་སི་སྲིད་དོན་ཚོགས་པའི་ཚོགས་མི་ལྕམ་སྐུ་སུ་བྷ་ཤི་ནི་ རཱ་ཇཱ་ རའོ་ (Smt. Subhashini Raja Rao) མཆོག་ལ་ཕུལ་བའི་ཐུགས་གསོའི་འཕྲིན་ཡིག་ནང་འཁོད་དོན། སྐུ་ཉིད་ཀྱི་ཡབ་རྒྱ་གར་ཆབ་སྲིད་མི་སྣ་རྒན་གྲས་དང་།  Loktantrik Janata Dal (LJD) སྲིད་དོན་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན། དེ་བཞིན་རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་སྐུ་ཞབས་ཤྷ་རཱད་ ཡ་དྷེབ་ (Shri Sharad Yadav) མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་གནས་ཚུལ་ཐོས་འཕྲལ་ང་རང་བློ་ཕམ་ཆེན་པོ་བྱུང་། དམ་པ་ཁོང་ནི་ཆབ་སྲིད་ཀྱི་མི་སྣ་ཙམ་མ་ཡིན་པར། ཞིང་ལས་ཆེད་ལས་པ་དང་། ཤེས་ཡོན་པ། འཕྲུལ་རིག་འཆར་འགོད་པ་ཞིག་དང་། ལྷག་པར་དུ་རྒྱ་གར་གྱི་རང་བཙན་འཐབ་རྩོད་པ་འབུམ་རམས་པ་ལོ་ཧི་ཡ་ (Dr. Lohia) མཆོག་གི་ལྟ་གྲུབ་ལ་ཡིད་ཆེས་ཆེན་པོ་གནང་མཁན་ཞིག་ཡིན།

དམ་པ་ཁོང་སྐུ་འཚོ་བཞུགས་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་དང་། ང་རང་སྒེར་ངོས་ལ་མཇལ་འཕྲད་གནང་རྒྱུའི་གོ་སྐབས་མང་པོ་བྱུང་བ་དང་། དེའི་སྐབས་ཁོང་ནས་བོད་ཀྱི་བདེན་དོན་ཐོག་གདུང་སེམས་མཉམ་སྐྱེད་ཤུགས་ཆེ་གནང་ཡོད། དེ་རིང་གོ་སྐབས་འདི་བརྒྱུད་ནས་སྐུ་ཞབས་དམ་པ་ཤྷ་རཱད་ ཡ་དྷེབ་མཆོག་གིས་བོད་དོན་ཐོག་རྟག་ཏུ་རྒྱབ་སྐྱོར་དང་། གདུང་སེམས་མཉམ་སྐྱེད་གནང་བར་ཐུགས་རྗེ་ཆེ་ཞུ་ཡིན། དམ་པ་ཁོང་གིས་རྒྱ་གར་གཞུང་མང་གཉིས་ཀྱི་ཆེད་བཞག་པའི་མཛད་རྗེས་རྣམས་ཚང་མས་རྟག་ཏུ་དྲན་ངེས་ཡིན།

ངས་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཁྱེད་ནང་མི་ལྷན་རྒྱས་ལ་ཐུགས་གསོ་ཞུ་རྒྱུ་ཡིན་འཁོད་འདུག་པ་བཅས། །