རྒྱ་གར་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་རྩོད་པ་སྐུ་ཞབས་ན་རེ་ཤི་མ་ཐུར་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཐུགས་གསོ་ཞུས་པ།

༄༅། ། རྒྱ་གར་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་རྩོད་པ་སྐུ་ཞབས་ན་རེ་ཤི་མ་ཐུར་ (Shri Naresh Mathur ji) མཆོག་སྐུ་ཚེའི་འཕེན་པ་རྫོགས་པར། ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༢༧ ཉིན་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་དམ་པ་ཁོང་གི་ཤུལ་ལུས་ནང་མི་ཡོངས་ལ་ཐུགས་གསོ་ཞུས་གནང་འདུག

ཐུགས་གསོའི་འཕྲིན་ཡིག་ནང་འཁོད་དོན། རྒྱ་གར་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་རྩོད་པ་དང་། སྙན་གྲགས་ཅན་གྱི་རྩོམ་པ་པོ་སྐུ་ཞབས་ན་རེ་ཤི་མ་ཐུར་མཆོག་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོས་འཕྲལ་ང་ཚོ་ཚང་མ་ཤིན་ཏུ་ནས་བློ་ཕམ་བྱུང་། དམ་པ་ཁོང་གིས་ཁྲིམས་རྩོད་པའི་ལས་རིགས་ཐོག་ནས་རྒྱ་གར་གཞུང་མང་གཉིས་ལ་ཞབས་འདེགས་ཧུར་ཐག་ཞུས་པ་རྣམས་ཚང་མས་དྲན་ངེས་ཡིན།

ཁྲིམས་རྩོད་པ་སྐུ་ཞབས་ན་རེ་ཤི་མ་ཐུར་མཆོག་ནི་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་མ་ཟད། ནང་ཆོས་ལའང་དོ་སྣང་ཆེན་པོ་གནང་མཁན་ཞིག་ཡིན། ཁོང་གིས་ལྡི་ལི་བོད་ཁང་ (Tibet House) བརྒྱུད་ནང་ཆོས་སློབ་འཁྲིད་སྐོར་ཐོག་མར་མཁྱེན་རྟོགས་བྱུང་སྐོར་གསུངས་གནང་འདུག དམ་པ་ཁོང་གིས་ལྡི་ལི་བོད་ཁང་གཙོས་པའི་བོད་པའི་བསྟི་གནས་ཁང་མང་པོར་ཁོང་གི་ཆེད་ལས་དང་འབྲེལ་བའི་གནད་དོན་ཐོག་མཐུན་འགྱུར་རོགས་རམ་གནང་ཡོད་པ་དང་། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཀྱི་སློབ་སྟོན་པ་སྐུ་ཞབས་ཇེ་ཨེམ་མུ་ཁི་མཆོག་དང་ལྷན་དམ་པ་ཁོང་གིས་ལྡི་ལི་བོད་སྒར་བསམ་ཡས་གླིང་དང་། བྷུ་ཏ་ བྷི་ཧར་ (Ladakh Buddist Vihar) སྲ་བརྟན་གནས་མིན་ཐོག་ལ་ཁྲིམས་གཏུགས་ཀྱི་མཐུན་འགྱུར་ཆ་ཚང་གནང་ཡོད།

དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ལ་དམ་པ་ཁོང་དང་ལྷན་ཐེངས་མང་མཇལ་འཕྲད་གནང་རྒྱུའི་གོ་སྐབས་བྱུང་ཡོད་པ་མ་ཟད། ང་རང་སྒེར་ལའང་དམ་པ་ཁོང་དང་ལྷན་མཇལ་འཕྲད་ཀྱིས་བོད་དོན་སྐོར་བཀའ་བསྡུར་གནང་རྒྱུའི་གོ་སྐབས་བྱུང་སོང་།

དམ་པ་ཁོང་སྐུ་འཚོ་ཞུགས་སྐབས་བོད་དོན་དང་འབྲེལ་བའི་བགྲོ་གླེང་ལྷན་ཚོགས་དང་། བོད་དོན་ལས་འགུལ་མང་པོའི་ནང་ཐུགས་སྣང་ཆེན་པོའི་སྒོ་ནས་མཉམ་ཞུགས་གནང་མཁན་ཞིག་ཡིན་ཞིང་། ཕྱི་ལོ་ ༢༠༡༢ ཟླ་ ༣ པའི་ནང་རྒྱལ་ས་ལྡི་ལིར་བདེན་པའི་མེ་ལྕེའི་ལས་འགུལ་སྤེལ་སྐབས་དམ་པ་ཁོང་མཉམ་ཞུགས་གནང་ཡོད།

གཞན་ཡང་དམ་པ་ཁོང་གིས་རྒྱ་གར་གཞུང་ལ་བོད་ཐོག་འཛིན་པའི་སྲིད་བྱུས་བསྐྱར་ཞིབ་དགོས་པ་དང་། བོད་ཀྱི་གནད་དོན་གསལ་ཆེད་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་རིམ་པ་ཞུས་གནང་ཡོད།

དམ་པ་ཁོང་སྐུ་འཚོ་ཞུགས་སྐབས་བོད་ཀྱི་འཐབ་རྩོད་དང་། བོད་མའི་སྤྱི་ཚོགས་ལ་མཐུན་འགྱུར་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པ་བཅས། །