རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་རཱམ་སའོ་རབ་ཤར་མ་མཆོག་གི་འདས་མཆོད་སྨོན་ལམ་དང་སྐུ་ཕུང་ཞུགས་འབུལ་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་ཆེད་བཅར་གནང་བ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༧ ཉིན་རྒྱ་གར་དབུས་གཞུང་གི་གྲོས་ཚོགས་འཐུས་མི་དང་། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་རཱམ་སའོ་རབ་ཤར་མ་ (Pandit Ram Swaroop Sharma) མཆོག་རྒྱ་གར་རྒྱལ་ས་ལྡི་ལིར་སྐུ་ཚེའི་འཕེན་པ་རྫོགས་པར་བརྟེན།  ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཧི་མ་ཅཱལ་མངའ་སྡེའི་མན་ཌི་རྫོང་ཁོངས་ཇོ་གིན་དར་ནཱ་གར་ (Joginder Nagar) དུ་རྟེན་གཞི་བྱས་པའི་དམ་པ་ཁོང་གི་གཟིམ་ཤག་ཏུ་འདས་མཆོད་སྨོན་ལམ་གསུང་འདོན་གོ་སྒྲིག་ཞུས་པའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ཆེད་བཅར་གནང་ཡོད།

དེ་ཡང་སྔ་དྲོ་དཔལ་ལྡན་ཚོགས་གཞོན་མཆོག་དམ་པ་ཁོང་གི་གཟིམ་ཤག་ཏུ་འདས་མཆོད་སྨོན་ལམ་ཐོག་མཉམ་ཞུགས་དང་། དེ་རྗེས་སྐུ་ཕུང་ཞུགས་འབུལ་ཐོག་མཉམ་ཞུགས་གནང་ཡོད།

སྐུ་ཕུང་ཞུགས་འབུལ་ཐོག་རྒྱ་གར་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇ་ཡཱ་རཱམ་ཐཱ་ཀུར་ (Jai Ram Thakur, Chief Minister of Himachal Pradesh) མཆོག་དང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་པེ་རེམ་ཀུ་མར་དྷུ་མལ་ (Shri Prem Kumar Dhumal, Former Chief Minister of Himachal Pradesh) མཆོག རྒྱ་གར་དབུས་གྲོས་ཚོགས་འཐུས་མི་དང་། མངའ་སྡེའི་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སུ་རེ་ཤི་ཀ་ཤྱབ་ (Shri Suresh Kashyap) མཆོག ཀངྒ་ར་དང་ཅམ་པ་རྫོང་ཁྱབ་ཁོངས་རྒྱ་གར་དབུས་གཞུང་གི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཀི་ཤན་ཀཱ་པུར་ (Kishan Kapoor, Member of parliament, Lok Sabha from Kangra and Chamba) མཆོག ཧི་མ་ཅཱལ་མངའ་སྡེའི་བློན་ཆེན་ལྕམ་སྐུ་སར་ཝཱིན་ཅོ་དེ་རི་ (Smt. Sarveen Chaudhary) མཆོག མངའ་སྡེ་གཞུང་གི་བློན་ཆེན་སྐུ་ཞབས་མ་ཧེནྡྲ་སིངྒ་ཐཱ་ཀུར་ (Mahender Singh Thakur) མཆོག མངའ་སྡེའི་གྲོས་ཚོགས་འཐུས་མི་དང་། བྷི་ཇེ་པི་སྲིད་དོན་ཚོགས་པའི་དྲུང་ཆེ་སྐུ་ཞབས་ས་ཏི་ཤི་ (Shri Satish, Secretary) མཆོག ཧི་མ་ཅཱལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཐཱ་ཀུར་གྷུ་ལབ་སིངྒ་ (Shri Thakur Gulab Singh) མཆོག ཧི་མ་ཅཱལ་མངའ་སྡེའི་བློན་ཆེན་ཟུར་པ་སྐུ་ཞབས་ཀཱོལ་སིངྷ་ཐཱ་ཀུར་ (Shri Kaul Singh Thakur) མཆོག བྷིར་དང་། ཅོན་ཏ་ར་ཁུལ་གྱི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་པང་ཀ་ཇི་ཇམ་ཝལ་ (Shri. Pankaj Jamwal) མཆོག་སོགས་དང་། སྦིར་ནང་ཆེན་དང་། སྦིར་སྡེ་དགེ སྦིར་ཚོགས་བཅས་ཀྱི་ས་གནས་འགོ་འཛིན་དང་། ས་འཐུས་ཚོགས་གཙོ་རྣམ་པ། དེེ་བཞིན་ས་གནས་ཀྱི་ཚོགས་པའི་ལས་སྣེ་རྣམ་པ་བཅས་མཉམ་ཞུགས་གནང་འདུག སྐུ་ཕུལ་ཞུགས་འབུལ་སྐབས་སྦིར་ས་སྐྱ་དགོན་པའི་དགེ་འདུན་པ་ཁག་ཅིག་གིས་སྨོན་ལམ་གསུང་འདོན་གནང་ཡོད་འདུག

དམ་པ་ཁོང་ནི་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡིན་ཞིང་། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཚང་མར་མཉམ་ཞུགས་དང་། ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༠ ཉིན་རྡ་ས་བཞུགས་སྒར་གཙུག་ལག་ཁང་དུ་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་ ༢༨ འཁོར་བའི་དུས་ཆེན་ཐོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་ཡོད། དམ་པ་ཁོང་ནི་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཆེན་པོ་གནང་མཁན་ཞིག་དང་། རྒྱ་གར་གཞུང་ནས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་མི་སེར་གཟེངས་རྟགས་མཐོ་ཤོས་བྷ་རཏ་རཱཏ་ན་ (Bharat Ratna) འབུལ་དགོས་གསུང་མཁན་ཞིག་ཡིན། གཞན་ཡང་དམ་པ་ཁོང་སྐུ་འཚོ་ཞུགས་རིང་བོད་མི་སྤྱི་དང་། ལྷག་པར་དུ་མན་ཌི་ཁུལ་ལ་གནས་སྡོད་བོད་མི་རྣམས་ལ་རོགས་རམ་ཆེན་པོ་གནང་ཡོད་པ་བཅས། །