རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨམ་རེནྡྲ་ངྷ་རི་སིངྒ་མཆོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་ཕེབས་པ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༩ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥།༠༠ ཐོག་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨམ་རེནྡྲ་ངྷ་རི་ སིངྒ་ (Shri Amarendra Dhari Singh, Rajya Sabha MP) མཆོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་པ་དང་། སྐབས་དེར་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པས་རྒྱུན་ལས་ཚོགས་ཁང་ནང་སྣེ་ལེན་མཇལ་འཕྲད་གནང་སོང་།

སྐབས་དེར་ཐོག་མར་དཔལ་ལྡན་ཚོགས་གཞོན་མཆོག་གིས་སྤྱི་འཐུས་རྒྱུན་ལས་རྣམ་པ་རེ་རེ་བཞིན་ངོ་སྤྲོད་གནང་བ་དང་། དེ་བཞིན་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ། གྲོས་ཚོགས་ཚོགས་དུས་གཉིས་སོགས་ཀྱི་སྐོར་གསུངས་གནང་རྗེས། སྐུ་ཞབས་ཁོང་གིས་སྤྱི་འཐུས་རྣམ་པར་བོད་ནང་གི་གནས་སྟངས་སྐོར་བཀའ་འདྲི་ཞུས་པར་སྤྱི་འཐུས་རྣམ་པས་ལན་འདེབས་དང་། དེ་བཞིན་བོད་ནང་གི་བོད་མིའི་མི་འབོར་སྐོར་དང་། རྒྱ་གཞུང་གིས་བོད་ནང་གང་བྱུང་གཏེར་ཁ་བསྔོག་འདོན་བྱེད་བཞིན་ཡོད་པའི་སྐོར། བོད་མི་འབྲོག་པ་རྣམས་བཙན་ཤེད་ཐོག་གྲོང་ཁྱེར་ནང་གནས་སྤོས་བྱེད་བཅུག་གི་ཡོད་པའི་སྐོར་སོགས་ཀྱི་ཐོག་བཀའ་བསྡུར་ལྷུགས་པོ་གནང་སོང་།

དེ་ནས་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྐུ་ཞབས་ཁོང་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ་དང་། ལྷག་པར་དུ་ད་རེས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༣ པ་གཞུང་འབྲེལ་མཛད་སྒོ་སྲུང་བརྩིའི་ཐོག་ཕེབས་པར་དགའ་ཚོར་ཆེན་པོ་བྱུང་ཞེས་པ་དང་སྦྲགས། གསུང་དོན། འཕགས་བོད་གཉིས་དབར་ཆོས་དང་རིག་གཞུང་། ས་མཚམས་སོགས་ལོ་རྒྱུས་ཐོག་ནས་འབྲེལ་བ་གཏིང་ཟབ་ཡོད་པར་བརྟེན། རྒྱ་གར་ཐོག་ནས་བོད་ཀྱི་གནད་དོན་ཐོག་ཐུགས་སྣང་གནང་དགོས་པ་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད། སྐུ་ཉིད་ནས་ཉེ་ཆར་རྒྱ་གར་གྲོས་ཚོགས་གོང་མའི་ནང་བོད་དོན་གླེང་སློང་གནང་བར་ང་ཚོས་དོ་སྣང་བྱུང་བ་དང་། དེར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་མ་འོངས་པར་ཡང་མུ་མཐུད་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་སྐྱོང་ཡོང་བ་ཞུ་རྒྱུ་ཡིན།

༧གོང་ས་མཆོག་གིས་དུས་རྒྱུན་མགོན་པོ་གང་ཉིད་མཆོག་རྒྱ་གར་གྱི་དུས་ཡུན་རིང་ཤོས་ཀྱི་མགྲོན་པོ་ཡིན་ཞེས་གསུང་གི་ཡོད་པ་ལྟར། ང་ཚོ་ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་སླེབས་པ་ནས་བཟུང་ད་བར་ལོ་ངོ་ ༦༣ འགྲོ་གི་ཡོད་པ་དང་། དུས་ཚོད་དེའི་རིང་རྒྱ་གར་ནི་ང་ཚོའི་ཕ་ཡུལ་གཉིས་པ་ལྟ་བུ་ཆགས་ཡོད་པ་དང་། དེ་ཡང་གཙོ་བོ་རྒྱ་གར་གཞུང་མང་གཉིས་ཀྱིས་མཐུན་འགྱུར་རྒྱབ་སྐྱོར་གནང་བར་བརྟེན་ནས་བྱུང་བ་ཡིན་པས། ངས་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་གནང་རྗེས། དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་སྐུ་ཞབས་ཁོང་ལ་སྟོན་པའི་སྐུ་ཐང་ཞིག་ཕྱག་རྟགས་སུ་ཕུལ་གནང་ཡོད་པ་བཅས། །