རྒྱ་གར་གཞུང་གི་ཆེས་མཐོའི་ལས་བྱེད་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་པ།

༄༅། ། རྒྱ་གར་དང་། བྷང་ལ་དེ་ཤི་གཞུང་གི་སོ་སོའི་ཆེས་མཐོའི་ལས་བྱེད་སྐུ་ཚབ་ཚོགས་ཆུང་གཉིས་བཞུགས་སྒར་རྡ་སར་རྒྱལ་ཁབ་གཉིས་དབར་གློག་གི་ནུས་ཤུགས་ཐོག་མཉམ་ལས་གནང་རྒྱུའི་ཚོགས་འདུ་ཞིག་གི་ཐོག་ཕེབས་ཡོད་པ་ལྟར། ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༢༨ ཉིན་རྒྱ་གར་གཞུང་གི་ཆེས་མཐོའི་ལས་བྱེད་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་གནང་ཡོད་པ་དང་། སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་ཕེབས་བསུའི་སྣེ་ལེན་དང་མཇལ་འཕྲད་གནང་ཡོད།

སྐབས་དེར་ཐོག་མར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རྒྱ་གར་གཞུང་གི་ཆེས་མཐོའི་ལས་བྱེད་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པ་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་དང་སྦྲགས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། ལས་དོན་བྱེད་ཕྱོགས་སྐོར་ངོ་སྤྲོད་དང་། དེ་རྗེས་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་ལ་ངོ་སྤྲོད་གནང་ཞིང་། དེའི་སྐབས་གཙོ་བོ་རྒྱ་དམར་གཞུང་གིས་བོད་ནང་གི་བྱིས་པ་རྣམས་བཙན་ཤེད་ཐོག་རྒྱ་དམར་གཞུང་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭའི་ནང་སློབ་འཇུག་བྱེད་བཅུག་སྟེ་བོད་རིགས་རྣམས་རྒྱ་རིགས་སུ་བསྒྱུར་ཐབས་བྱེད་བཞིན་ཡོད་པའི་སྐོར་དང་། བོད་ནང་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་ཁྱོན་ ༡༥༧ གྱིས་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་བའི་སྐོར། རྒྱ་དམར་གཞུང་གིས་བོད་ནང་ཚད་ལས་བརྒལ་བའི་ཁོར་ཡུག་གཏོར་བཤིག་བཏང་དང་གཏོང་བཞིན་ཡོད་པ་སོགས་ཀྱི་ཐོག་གསུངས་པ་དང་། དེ་བཞིན་རྒྱ་གར་གཞུང་མང་གཉིས་ནས་འདས་པའི་ལོ་ངོ་དྲུག་ཅུ་ལྷག་གི་རིང་བོད་ཀྱི་འཐབ་རྩོད་དང་། བོད་མི་རྣམས་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། འབྱུང་འགྱུར་ཡང་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་གནང་སོང་།

སྐུ་ཞབས་ཁོང་རྣམས་ནས་ད་རེས་བཞུགས་སྒར་དུ་ཕེབས་རིང་བོད་མི་རྣམས་དང་མཇལ་འཕྲད་གནང་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་སྐོར་དང་། འབྱུང་འགྱུར་མུ་མཐུད་བོད་ཀྱི་འཐབ་རྩོད་དང་། ལྷག་པར་དུ་བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་ཐོག་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་སོང་། གཞན་ཡང་སྐབས་དེར་ཁོང་རྣམ་པས་བཙན་བྱོལ་བོད་མིའི་འོས་བསྡུ་གནང་ཕྱོགས་སྐོར་སོགས་ཀྱི་ཐོག་དྲི་བ་ཕུལ་བར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་བ་བཅས། །