རྒྱ་གར་གཞུང་གི་ཁྲིམས་དོན་སྤྱི་ཁྱབ་ཟུར་པ་སྐུ་ཞབས་སོ་ལི་སོ་རབ་ཇི་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཐུགས་གསོ་ཞུས་པ།

༄༅། །རྒྱ་གར་གཞུང་གི་ཁྲིམས་དོན་སྤྱི་ཁྱབ་ཟུར་པ་སྐུ་ཞབས་སོ་ལི་སོ་རབ་ཇི་ (Mr.Soli Sorabjee, former Solicitor General and Attorney General of India) མཆོག་སྐུ་ཚེའི་འཕེན་པ་རྫོགས་པར། ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༣༠ ཉིན་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་དམ་པ་ཁོང་གི་ཤུལ་ལུས་ནང་མི་ཡོངས་ལ་ཐུགས་གསོ་ཞུས་གནང་འདུག

ཐུགས་གསོའི་འཕྲིན་ཡིག་ནང་འཁོད་དོན། རྒྱ་གར་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་རྩོད་པ་ཟུར་པ་དང་། རྒྱ་གར་གཞུང་གི་ཁྲིམས་དོན་སྤྱི་ཁྱབ་ཟུར་པ་སྐུ་ཞབས་སོ་ལི་སོ་རབ་ཇི་མཆོག་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོས་འཕྲལ་ང་ཚོ་ཚང་མ་ཤིན་ཏུ་ནས་བློ་ཕམ་བྱུང་། དམ་པ་ཁོང་ནི་སྙན་གྲགས་ཅན་གྱི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཞིག་ཡིན་ཞིང་། དམ་པ་ཁོང་གིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་། སྨྲ་བརྗོད་རང་དབང་སོགས་ལ་ཁྲིམས་ཐོག་ནས་སྲུང་སྐྱོབ་གནང་བར་བརྟེན་ཕྱི་ལོ་ ༢༠༠༢ ཟླ་ ༣ པའི་ནང་རྒྱ་གར་གཞུང་གི་མི་སེར་གཟེངས་རྟགས་མཐོ་ཤོས་གཉིས་པ་ (Padma Vibhushan Award) ཐོབ་ཡོད།

དམ་པ་ཁོང་གིས་རྒྱ་གར་གཞུང་མང་གཉིས་ལ་ལྷག་བསམ་རྣམ་དག་གིས་ཞབས་ཕྱི་ཞུས་པ་དང་། རྒྱལ་སྤྱིའི་ཐོག་ལའང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་བ་རྣམས་ཚང་མས་རྟག་ཏུ་དྲན་ངེས་ཡིན། དེ་བཞིན་དམ་པ་ཁོང་ནི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་། རྒྱ་གར་གྱི་རྩ་ཁྲིམས་སྐོར། སྨྲ་བརྗོད་རང་དབང་སོགས་ཀྱི་གནད་དོན་ཐོག་གི་རྩོམ་པ་པོ་སྙན་གྲགས་ཅན་ཞིག་ཡིན།

སྐུ་ཞབས་དམ་པ་སོ་ལི་སོ་རབ་ཇི་མཆོག་ནི་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་གནང་མཁན་གལ་གནད་ཆེ་བའི་མི་སྣ་ཞིག་ཡིན་ཞིང་། དམ་པ་ཁོང་སྐུ་འཚོ་ཞུགས་སྐབས་བོད་ཀྱི་ཆབ་སྲིད་དང་འབྲེལ་བའི་བགྲོ་གླེང་ལྷན་ཚོགས་སོགས་ལ་རྒྱུན་དུ་མཉམ་ཞུགས་ཀྱིས་གསུང་བཤད་གནང་གི་ཡོད། དེ་བཞིན་རྒྱུན་དུ་བོད་མའི་ཆབ་སྲིད་ཐོག་ལམ་སྟོན་གནང་མཁན་ཞིག་ཡིན་པ་མ་ཟད། བོད་ཀྱི་གནད་དོན་ཐོག་རྩོམ་ཡིག་མང་དག་ཅིག་བྲིས་གནང་ཡོད།

གཞན་ཡང་དམ་པ་ཁོང་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་རྟེན་གཞི་བྱས་པའི་འཚེ་མེད་ཞི་བའི་དགེ་རྩ་ཚོགས་པ་ (Foundation for Non-violent Alternatives) ཞེས་པའི་བསྟི་གནས་ཁང་གི་སློབ་སྟོན་པ་གནང་ཡོད་ཅིང་། ཕྱི་ལོ་ ༢༠༡༤ ལོར་བཞུགས་སྒར་རྡ་སར་དམ་པ་ཁོང་གིས་གཙོས་པའི་འཚེ་མེད་ཞི་བའི་དགེ་རྩ་ཚོགས་པའི་རྒྱུན་ལས་རྣམས་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་རྒྱུའི་གོ་སྐབས་ཐོབ་གནང་ཡོད་པ་བཅས། །