
༄༅། ། ཕྱི་ལོ་ ༢༠༢༥ ཟླ་ ༥ པའི་ཚེས་ ༩ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། གསར་དུ་བདམས་ཐོན་བྱུང་བའི་ཡེ་ཤུའི་བླ་ཆེན་པོབ་ལིའོ་བཅུ་བཞི་པ་ (Pope Leo XIV) མཆོག་ལ་འཚམས་འདྲི་ཞུས་གནང་ཡོད།
དེ་ཡང་འཚམས་འཕྲིན་ནང་འཁོད་དོན། ཡེ་ཤུའི་བླ་ཆེན་པོབ་ལིའོ་བཅུ་བཞི་པ་མཆོག་ཡེ་ཤུའི་རྣམ་དག་ཆོས་ལུགས་ཀྱི་དབུ་ཁྲིད་ལ་གསར་དུ་བདམས་ཐོན་བྱུང་བའི་བསྐལ་བཟང་གི་དུས་འདིར་ངས་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན།
བླ་ཆེན་མཆོག་གིས་བྱམས་བརྩེ་དང་། ཞི་བདེ། དྲང་བདེན་བཅས་ཀྱི་ཐོག་རྒྱུན་དུ་ཐུགས་འགན་ཆེ་བཞེས་གནང་བ་དེས། འཛམ་གླིང་སྟེང་གི་མི་ས་ཡ་མང་པོར་མུ་མཐུད་སེམས་འགུལ་ཐེབས་ངེས་ཡིན། འོན་ཀྱང་འཛམ་གླིང་ས་ཁུལ་མང་པོ་ཞིག་ལ་ད་དུའང་བཙན་འཛུལ་དང་། དབང་བསྒྱུར། དྲག་སྤྱོད། སྡུག་སྦྱོང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བ་སོགས་ཀྱི་དཀའ་ངལ་ཡོད་པ་མངོན་གསལ་ཆགས་ཀྱི་ཡོད།
གལ་འགངས་ཆེ་བའི་དུས་སྐབས་འདིར། སྐུ་ཉིད་ཀྱིས་མུ་མཐུད་འཛམ་གླིང་ནང་བྱམས་བརྩེ་དང་། བཟང་སྤྱོད་ཐོག་ལམ་སྟོན་གནང་བའི་ཐོག་ནས་འཛམ་གླིང་འདིར་ཚང་མ་ཆེ་མཐོང་དང་ལྡན་པའི་ཐོག་གནས་ཐུབ་པ་དང་། དེ་བཞིན་མི་རིགས་དང་། ཆོས་ལུགས། རྒྱལ་ཁབ་བཅས་དབྱེ་བ་མེད་པར་ཚང་མ་ཞི་བདེ་དང་། འཆམ་མཐུན་ངང་འཚོ་གནས་ཐུབ་པའི་རེ་བ་དང་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པ་བཅས།