ཡུ་རོབ་བོད་རིགས་ཚོགས་པ་ཁག་གི་ལོ་འཁོར་ཚོགས་ཆེན་ཐེངས་གསུམ་པའི་ཐོག་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་མཆོག་དང་། སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་མཆོག་རྣམ་གཉིས་མཉམ་ཞུགས་གནང་བ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༡༠ ཚེས་ ༡ དང་ ༢ ཉིན་ཨི་ཊ་ལཱིའི་མི་ལན་དུ་ཡུ་རོབ་བོད་རིགས་ཚོགས་པ་ཁག་གི་ལོ་འཁོར་ཚོགས་ཆེན་ཐེངས་གསུམ་པ་བསྐོང་ཚོགས་གནང་བའི་ཐོག་ཡུ་རོབ་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་མཆོག་དང་། སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་མཆོག་རྣམ་གཉིས་མཉམ་ཞུགས་གནང་འདུག་པ་དང་། ཐེངས་འདིའི་ཡུ་རོབ་བོད་རིགས་ཚོགས་པ་ཁག་གི་ལོ་འཁོར་ཚོགས་ཆེན་ཐེངས་ ༣ པའི་དབུ་འབྱེད་མཛད་སྒོ་དང་། མཇུག་བསྡོམས་མཛད་སྒོ་བཅས་ཀྱི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ཆེད་ཕེབས་ཀྱིས་ཚོགས་འདུར་བཀའ་སློབ་གནང་འདུག ཚོགས་འདུའི་ཐོག་ཡུ་རོབ་བོད་རིགས་མི་མང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གང་མགྱོགས་བརྟན་ཞུགས་འདེགས་འབུལ་ཞུ་རྒྱུའི་སྤྱི་མོས་གྲོས་ཆོད་གཅིག་བཞག་པ་དང་། དེ་བཞིན་ཡུ་རོབ་བོད་རིགས་ཚོགས་པ་ཡོངས་ཀྱིས་ཕྱི་ལོ་ ༢༠༢༣ ལོའི་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་དེ་ཨི་ཌ་ལིའི་རྒྱལ་ས་རོམ་ལ་གྲ་སྒྲིག་སླད་གྲོས་བསྡུར་ཞིབ་ཕྲ་གནང་ཡོད་པ་དང་།  ཨི་ཌ་ལི་བོད་རིགས་ཚོགས་པའི་ངོས་ནས་ཀྱང་ས་གནས་སུ་གོ་སྒྲིག་ཚོགས་ཆུང་གི་ལས་འགན་བཞེས་རྒྱུ་དང་། ཕྱོགས་བཞུགས་ཡུ་རོབ་སྤྱི་འཐུས་གཉིས་དང་། སྐུ་ཚབ་དོན་གཅོད་རྣམ་པ་ཐུན་མོང་གིས་འགན་འཛིན་ལྷན་ཚོགས་ཀྱི་འགན་བཞེས་རྒྱུའི་ཐག་གཅོད་གནང་ཡོད་པ་བཅས། །