ཡུ་རོབ་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་པ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཙམ་ལ་ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཐོ་མ་སི་མན་ (Thomas Mann) མཆོག་དང་། སྐུ་ཞབས་ས་བྷ་སོ་གོར་ (CsabaSogor) མཆོག སྐུ་ཞབས་ར་མོན་ཏྲི་མོ་ས་ (Ramon Tremosa) མཆོག་བཅས་ལས་གྲུབ་པའི་ཡུ་རོབ་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་གནང་ཡོད།

ཐོག་མར་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་འཚམས་འདྲིའི་མཇལ་འཕྲད་གནང་བ་དང་། སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཁོང་རྣམས་འདིར་ཕེབས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་ལས་རིམ་སྐྱོང་སྟངས་སྐོར། དེ་བཞིན་སྤྱི་འཐུས་རྣམ་པ་འཛམ་གླིང་ཡུལ་གྲུ་གང་སར་ཕེབས་ཏེ་གྲོས་ཚོགས་འཐུས་མི་སོགས་མཇལ་འཕྲད་གནང་སྟེ་བོད་དོན་སྐོར་ངོ་སྤྲོད་གནང་བཞིན་པའི་སྐོར། རྒྱ་གར་ནང་ཡོད་པའི་བོད་མིའི་གཞིས་ཆགས་ཁག་ནང་སྤྱི་འཐུས་རྣམ་པ་ས་བགོས་བྱས་ནས་གཟིགས་བསྐོར་དུ་ཕེབས་ཏེ་ས་གནས་བོད་མི་རྣམས་ལ་༸གོང་ས་མཆོག་གི་མཛད་འཕྲིན་དང་། བོད་ནང་གི་ཆབ་སྲིད་འགྱུར་ལྡོག་དང་གནས་སྟངས་ངོ་སྤྲོད། གྲོས་ཚོགས་ཀྱི་ལས་རིམ། ས་གནས་བོད་མིའི་འཚོ་བའི་གནས་སྟངས་སོགས་ལ་གཟིགས་ཞིབ་གནང་གི་ཡོད་སྐོར། དེ་བཞིན་གཞི་རིམ་མང་གཙོདང་འབྲེལ་བའི་ས་གནས་ཁག་ལ་ས་གནས་འཐུས་ཚོགས་ ༣༧ ཡོད་པ་དང་། དེ་དག་ཚགས་ཚུད་དང་སྲ་བརྟན་ཡོད་པའི་སྐོར་གསུངས་གནང་སོང་།

དེ་རྗེས་ཡུ་རོབ་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམས་དཔལ་ལྡན་ཚོགས་གཞོན་མཆོག་དང་ལྷན་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་བསྐོར་གནང་རྗེས། སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་ཁང་ནས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་མཇལ་འཕྲད་གནང་ཡོད། སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་སླར་ཡང་ཁོར་རྣམས་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་འཚམས་འདྲི་ཞུས་གནང་སོང་། དེ་ནས་སྐུ་ཞབས་ཐོ་མ་སི་མན་མཆོག་གིས་གསུང་དོན། དེ་རིང་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་མཇལ་འཕྲད་གནང་ཐུབ་པར་དགའ་པོ་བྱུང་ཞེས་དང་། ང་ཚོའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ཤུགས་ཆེ་ཤོས་གྲས་ཡིན་པ་མ་ཤེས་ཀྱང་། ང་ཚོས་ཟླ་རེའི་ནང་རྟག་པར་མཁས་དབང་དང་། བོད་ནང་རྒྱ་མིའི་འོག་སྡུག་གཅོད་མནར་གཅོད་མྱོང་བའི་བོད་མི། དེ་བཞིན་བཙོན་ཁང་ནས་གློད་བཀྲོལ་ཐོབ་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་དང་ཐུག་འཕྲད་གནང་གི་ཡོད། ང་ཚོའི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་སྐོར་ཁྱབ་བསྒྲགས་བྱེད་རྒྱུ་དེ་གལ་ཆེན་པོར་རྩི་ཡི་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་རྟག་ཏུ་ཡུ་རོབ་གྲོས་ཚོགས་ནང་གི་གྲོས་གཞི་ཞིག་ཆགས་ཐུབ་པ་བྱེད་རྒྱུར་ང་ཚོས་འབད་བརྩོན་བྱེད་བཞིན་ཡོད། དེ་བཞིན་ཁོང་གིས་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་ཐབས་ཀྱི་མངོན་འདོད་དང་། དབུ་མའི་ལམ་གྱི་སྲིད་བྱུས། རྒྱ་ནག་གཞུང་དང་གྲོས་མོལ་གནང་རྒྱུར་རྒྱབ་སྐྱོར་ཡོད་པ། ད་དུང་ཁོང་གིས་ཨེ་ཤི་ཡའི་རྒྱུག་ཆུ་ཆེ་ཁག་རྣམས་བོད་ནང་ནས་བབས་ཀྱི་ཡོད་པ་སོགས་བོད་ཀྱི་ཁོར་ཡུག་གི་གལ་ཆེའི་སྐོར་གསུངས་གནང་སོང་། དེ་བཞིན་སྐུ་ཞབས་ས་བྷ་སོ་གོར་མཆོག་དང་། སྐུ་ཞབས་ར་མོན་ཏྲི་མོ་ས་མཆོག་གིས་ཀྱང་གསུང་བཤད་གནང་རྗེས་སྤྱི་འཐུས་རྣམས་དང་ལྷན་བགྲོ་གླེང་གནང་ཡོད་པ་བཅས། །