ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཌེ་ཝི་ཌིས་སྭ་ལི་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཐུགས་གསོ་ཞུས་པ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༡༡ ཉིན་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཌེ་ཝི་ཌིས་སྭ་ལི་ (David Sassoli) མཆོག་དགུང་གྲངས་ ༦༥ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། དེ་རིང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། དམ་པ་ཁོང་གི་སྐུ་ཟླ་མཆོག་གིས་གཙོས་ཤུལ་ལུས་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུས་གནང་འདུག

དམ་པ་ཁོང་གི་སྐུ་ཟླ་ཨེ་ལཱ་སན་དར་ཝི་ཊོ་རི་ནི་ (Alessandra Vittorini) མཆོག་ལ་བསྐུར་བའི་ཐུགས་གསོའི་འཕྲིན་ཡིག་ནང་འཁོད་དོན། སྐུ་ཞབས་ཌེ་ཝི་ཌིས་སྭ་ལི་ (David Sassoli) མཆོག་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོས་འཕྲལ་ང་ཚོ་ཚང་མ་ཤིན་ཏུ་ནས་བློ་ཕམ་བྱུང་། དམ་པ་ཁོང་ནི་འཛམ་གླིང་འདིའི་སྟེང་འགྲོ་བ་མིའི་རིགས་ཕན་ཚུན་གུས་ཞབས་ལྡན་པ་ཡོང་རྒྱུ་དང་། རང་བྱུང་ཁོར་ཡུག་ལ་ཚང་མས་གཅེས་སྐྱོང་བྱེད་ཐབས་སོགས་འཛམ་གླིང་ཡར་རྒྱས་ཕྱོགས་ལ་འགྲོ་ཐུབ་རྒྱུར་ཡིད་ཆེས་ཆེན་པོ་གནང་མཁན་ཞིག་དང་། རྒྱལ་ཁབ་ཁག་ཅིག་གི་ཁེ་ཕན་ཙམ་མ་ཡིན་པར་ཚང་མའི་བདེ་དོན་ཡར་རྒྱས་ཕྱོགས་སུ་འཁྲིད་རྒྱུའི་དཔལ་འབྱོར་འགྲོ་ལུགས་ལ་ཡིད་ཆེས་ཆེན་པོ་གནང་མཁན་གྱི་ཚད་དང་ལྡན་པའི་ལྟ་གྲུབ་ཡོད་པའི་དབུ་འཁྲིད་ཅིག་ཡིན། དམ་པ་ཁོང་གིས་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚོགས་མི་རྒྱལ་ཁབ་ཁག་དང་། དེ་དག་གི་མི་མང་བཅས་ཀྱི་ཆེད་རང་དོན་བློས་བཏང་གིས་ཞབས་འདེགས་ཧུར་ཐག་ཞུས་པ་རྣམས་ཚང་མས་རྟག་ཏུ་དྲན་ངེས་ཡིན།

ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་བོད་དོན་གླེང་སློང་དང་། རྒྱ་དམར་གཞུང་གིས་བོད་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་རྣམས་སྐབས་མཚམས་སོ་སོར་ཐེར་འདོན་གནང་བ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༡༩ ཟླ་ ༤ པའི་ནང་ཡུ་རོབ་གྲོས་ཚོགས་སུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱི་དང་། ལྷག་པར་དུ་བོད་དང་། ཡུ་གུར། ཀ་ཛཱག ཡེ་ཤུའི་ཆོས་པ་བཅས་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ཞིབ་ཕྲ་བཀོད་པའི་གྲོས་ཆོད་ཅིག་བཞག་ཡོད་པ་མ་ཟད། གྲོས་ཆོད་ནང་རྒྱ་དམར་གཞུང་གིས་བོད་གཙོས་པའི་རྒྱའི་བཙན་འོག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་རྣམས་ལ་ཉེས་མེད་ཉེས་འགེལ་གྱི་བཙོན་འཇུག་བྱ་རྒྱུ་འཕྲལ་དུ་འཚམས་འཇོག་དགོས་པའི་འབོད་སྐུལ་བཅས་ཞུས་ཡོད། དེར་ང་ཚོ་བོད་མི་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ངས་སླར་ཡང་ཁྱེད་ནང་མི་ལྷན་རྒྱས་ལ་ཐུགས་གསོ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པ་བཅས། །