ཡིད་སྐྱོའི་གནས་ཚུལ།

བོད་མི་མང་སྤྱི་ཟུར་དགེ་འདུན་སྦྱིན་པ་མཆོག་ཡུན་རིང་སྙུན་མནར་གྱི་རྐྱེན་པས་ ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༧ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༧།༤༠ ཐོག་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོས་པར་སྤྱི་འཐུས་རྒྱུན་ལས་རྣམས་ཤིན་ཏུ་ཡིད་ སྐྱོའི་གནས་སུ་གྱུར། ཁོང་དགུང་གྲངས་ ༧༧ ལ་ཕེབས་ཡོད་པ་དང་། དམ་པ་ཁོང་གིས་ཆུང་ངུའི་དུས་ནས་ཐ་སྙད་ཕྱི་མོ་ཡི་གེ་ནས་བོད་ཀྱི་ཐུན་མོང་དང་ ཐུན་མོང་མ་ཡིན་པའི་རིག་པའི་གཞུང་ལུགས་ཁག་ལ་སློབ་གཉེར་གནང་ཡོད་པ་མ་ཟད། བཙན་བྱོལ་དུའང་སྐབས་ ༢ པའི་དགེ་རྒན་འོས་སྦྱོང་གི་གྲས་སུ་སློབ་གཉེར་ལེགས་པར་ཐོན་ཏེ། ལོ་ངོ་སུམ་ཅུ་ཙམ་གྱི་རིང་བཙན་བྱོལ་བོད་མིའི་སློབ་ཁག་ཏུ་བོད་མི་རིགས་ཀྱི་བླ་ སྲོག་ཏུ་གྱུར་པའི་སྐད་ཡིག་སུམ་རྟགས་དག་གསུམ་གཙོས། རྒྱལ་རབས་དང་། ཆོས་འབྱུང་སོགས་སློབ་འཁྲིད་གནང་ཞིང་། དེ་བཞིན་སྦེལ་ཀོབ་ས་གནས་གཞོན་ནུའི་ཚོགས་གཞོན་དང་། གཞི་རིམ་སློབ་གྲྭ་ཁག་གི་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མིའི་ལས་ཁུར་ ཞུས། བགྲེས་ཡོལ་ཟིན་རྗེས་སུའང་སེར་བྱེས་འབྲིང་རིམ་སློབ་གྲྭ་དང་། ཆོས་གྲྭ་སློབ་གཉེར་བ། རྫོང་ཆོས་དགེ་འདུན་བཅས་ལའང་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་དང་། སྙན་ངག་སོགས་སློབ་འཁྲིད་ཀྱི་ཞབས་ཞུ་བསྒྲུབས་ཡོད་པ་མ་ཟད། སུམ་རྟགས་དགོངས་འགྲེལ་རིག་པའི་སྣང་བ་སོགས་ཀྱི་དཔེ་དེབ་ཀྱང་བརྩམས་གནང་ཡོད། ཕྱི་ལོ་ ༢༠༠༡ ལོར་བོད་མི་མང་སྐབས་བཅུ་གསུམ་པའི་མདོ་སྨད་སྤྱི་འཐུས་སུ་བདམས་ཐོན་བྱུང་བ་ ལྟར་ལས་ཡུན་ཆ་ཚང་ཞུས་པ་སོགས་དམ་པ་ཁོང་གིས་རང་གི་སྐུ་ཚེ་ཧྲིལ་པོ་བོད་བསྟན་ སྲིད་གཉིས་ཀྱི་བདེ་ཐབས་ཁོ་ནའི་ཆེད་དུ་ལྷག་བསམ་རྣམ་དག་ངང་སྐུ་ངལ་འཛེམས་མེད་ ཀྱིས་ཞབས་ཞུ་བསྒྲུབས་པར་ཡི་རངས་བསྔགས་བརྗོད་དང་སྦྲགས། ཁོང་གི་སྐུ་ཟླས་གཙོས་བཟའ་མི་བུ་ཕྲུག་དང་གཉེན་ཉེ་ལྟོས་བཅས་ཡོངས་ལ་ཐུགས་ གསོའི་འཚམས་འདྲི་དང་སྦྲགས། དམ་པ་ཁོང་གིས་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ཉེས་ཐམས་ཅད་བྱང་ཞིང་དག་ནས་རྣམ་ མཁྱེན་རྒྱལ་བའི་གོང་འཕང་མྱུར་དུ་འཐོབ་པའི་སྨོན་འདུན་ཤུགས་དྲག་དང་བཅས།  བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༩ ལ།།