འཛམ་གླིང་གླིང་ཕྲན་ལྔའི་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་བྱ་རྒྱུའི་གསར་འགོད་གསལ་བསྒྲགས།

ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༢ ཉིན།ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༢ ཉིན།

༄༅།། རྒྱ་ནག་དམར་པོའི་གཞུང་གིས་བོད་དུ་བཙན་འཛུལ་དྲག་གནོན་བྱས་པ་ནས་ད་ལྟའི་བར་གྱི་ལོ་ངོ་དྲུག་ཅུ་ལྷག་གི་རིང་། བོད་ཐོག་འཛིན་པའི་གདུག་རྩུབ་མཁྲེགས་འཛིན་ཅན་གྱི་སྲིད་བྱུས་ལ་འགྱུར་བ་མེད་པར། བོད་ཀྱི་སྣོད་བཅུད་ཡོངས་རྫོགས་བཙན་བཟུང་གིས་བོད་མི་རྣམས་དམར་གསོད་དང་། བཙོན་འཇུག གཅར་རྡུང་། སུན་བཙིར་སོགས་ཀྱིས་མཚོན་པའི་སྡུག་སྦྱོང་མནར་གཅོད་ཀྱི་དྲག་གནོན་མཚམས་འཇོག་བྱས་མེད་པར། རང་རིགས་རྣམས་ཀྱིས་ཀྱང་ཆོས་རིག་སྐད་ཡིག་དང་བཅས་པའི་མི་རིགས་ཀྱི་བླ་སྲོག་ལ་གཅེས་སྐྱོང་གང་ཐུབ་ཀྱིས་བདེན་པའི་འཐབ་རྩོད་རྒྱུན་སྐྱོང་གནང་དང་གནང་བཞིན་ཡོད།

ལྷག་པར་ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་བོད་ས་ཡོངས་སུ་རྒྱ་དམར་དྲག་དམག་གིས་དམར་གསོད་བཙོན་འཇུག་སོགས་ཀྱི་སྡུག་སྦྱོང་མནར་གཅོད་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་པའི་ཉེར་ལེན་ལ་བརྟེན། བོད་མི་རྣམས་ཀྱིས་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་སྡུག་བསྔལ་བཟོད་མ་ཐུབ་པར་བོད་དོན་བདེན་མཐའ་གསལ་ཆེད་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་ཐབས། མྱོང་བཞིན་པའི་སྡུག་བསྔལ་རྣམས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་གཞུང་སྒེར་ཚོགས་སྡེ་ཁག་ལ་སྙན་གསན་དང་། སེམས་ཁོང་གི་སྡུག་བསྔལ་དང་མངོན་འདོད་ཕྱིར་བསྒྲགས་བྱེད་པའི་དན་རྟགས་སུ་རང་ལུས་མེར་སྲེག་གཏོང་མཁན་རྒྱུན་ཆད་མེད་པ་བྱུང་དང་འབྱུང་བཞིན་པ་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་བབ་ལ་གཞིགས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་གཞི་རྒྱ་ཆེ་བའི་ལས་འགུལ་ཕྱི་ལོ་ ༢༠༡༢ ཟླ ༧ ཚེས ༦ སྟེ་༸གོང་ས་ལྷ་མིའི་རྣམ་འདྲེན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུའི་འཁྲུངས་ལྷ་དབྱར་གསོལ་ཉིན་དངོས་སུ་འགོ་འཛུགས་ཞུས་ཏེ། ད་བར་དུས་ཡུན་ཟླ་གཅིག་ལྷག་ཙམ་གྱི་རིང་རྒྱ་གར་གྱི་མངའ་སྡེ་ ༡༡ ནང་གི་གྲོང་ཁྱེར་སོགས་ས་ཁུལ་ ༤༨ ཙམ་གྱི་ནང་སྐོར་བསྐྱོད་ཟིན་པ་མ་ཟད། སྐོར་བསྐྱོད་སྐབས་རྒྱ་གར་མང་ཚོགས་དང་བོད་མི་ཚོས་མཉམ་ཞུགས་གང་ལེགས་གནང་བར་སྔགས་བརྗོད་ཞུ་རྒྱུ་ཡིན། རྒྱ་གར་ནང་ད་དུང་མུ་མཐུད་སྐོར་བསྐྱོད་འགྲོ་བཞིན་པའི་ཐོག་ཟླ་ ༩ ཚེས་ ༢ ཏེ་བོད་མིའི་མང་གཙོའི་དུས་ཆེན་ཉིན་བྱང་ཨ་རི་དང་། ཡུ་རོབ། ཨཧྥ་རི་ཁ། ལྷོ་ཤར་ཨེ་ཤི་ཡ། ཨོ་སི་ཊོ་ལི་ཡ་བཅས་གླིང་ཕྲན་ལྔའི་ཁོངས་རྒྱལ་ཁབ་ ༣༠ ལྷག་ཙམ་གྱི་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་འགོ་འཛུགས་བྱ་རྒྱུ་ཡིན་པ་དང་། ལས་འགུལ་གྱི་དགོས་འདུན་ཁག་ནི།

༡༽ ཕྱི་ལོ་ ༡༩༥༩། དང་། ༡༩༦༡། ༡༩༦༥ སོ་སོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་ཐོག་བཞག་པའི་གྲོས་ཆོད་ཁག་སླར་ཡང་རྒྱལ་ཚོགས་ནས་གླེང་སློང་དང་ལག་བསྟར་མཇུག་གནོན་དགོས་པ།
༢༽ བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་རྟོག་ཞིབ་སླད་རང་དབང་ཅན་གྱི་རྒྱལ་སྤྱིའི་སྐུ་ཚབ་ཁག་ཅིག་འཕྲལ་གཏོང་དགོས་པ།
༣༽ བོད་ནང་གི་བོད་མིའི་མངོན་འདོད་བསྒྲུབ་རྒྱུར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དམིགས་བསལ་འགན་འཁུར་བཞེས་དགོས་པ།

གོང་གསལ་དགོས་འདུན་དེ་དག་བསྒྲུབ་པའི་སླད་རྒྱ་གར་གཙོས་རྒྱལ་སྤྱིའི་ས་གནས་ཡུལ་གྲུ་སོ་སོར་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་མཚན་རྟགས་བསྡུ་རུབ་ཀྱིས་ཕྱི་ལོ་ ༢༠༡༢ ཟླ ༡༢ ཚེས ༡༠ ཉིན་ཨ་རིའི་ནིའུ་ཡོག་རྒྱལ་ཚོགས་ལས་ཁུངས་དང་། སུད་སི་ཇི་ནི་ཝར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས། དེ་བཞིན་རྒྱ་གར་ནང་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་སོ་སོར་ཉིན་བརྒྱ་དུས་གཅིག་ཏུ་ཞུ་སྙན་ཕུལ་ཏེ་མཇུག་བསྡོམས་བྱ་རྒྱུ་ཡིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་ཚོགས་ཆུང་ནས་ཕྱི་ལོ ༢༠༡༢ ཟླ ༨ ཚེས ༢༢ ལ།།
གསལ་བསྒྲགས་ཕབ་ལེན། དབྱིན་སྐད། རྒྱ་སྐད། ཧིན་སྐད།
Australia and New ZealandAustralia and New ZealandEuropeEurope
Japan and TaiwanJapan and TaiwanNorth AmericaNorth America
RussiaRussiaSouth AfricaSouth Africa
South East AsiaSouth East Asia