འཕགས་བོད་འབྲེལ་མཐུད་ཚོགས་པ་དབུ་འཛུགས་ནས་ལོ་ངོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༥ ཉིན་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འཕགས་བོད་འབྲེལ་མཐུད་ཚོགས་པ་དབུ་འཛུགས་ནས་ལོ་ངོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་གནང་སོང་།

སྐབས་དེའི་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྲིད་ཚབ་དཔལ་ལྡན་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག ཧི་མ་ཅཱལ་མངའ་ཁོངས་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཀི་ཤན་ཀ་པུར་ (Shri. Kishan Kapoor) མཆོག ཇ་མུ་མངའ་ཁོངས་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇུ་གྷལ་ ཀི་ཤོར་ ཤར་མ་ (Shri Jugal Kishore Sharma) མཆོག པཎྜི་ཏི་ ལག་མི་ ཅན་ཌ་སྣང་རིས་སྒྱུ་རྩལ་གཙུག་ལག་སློོབ་གཉེར་ཁང་གི་ཉེ་བའི་རིགས་བདག་སྐུ་ཞབས་གྷ་ཇེན་དྷ་ར་ ཅའོ་ཧན་ (Gajendra Chauhan, Vice-Chancellor of Pandit Lakhmi Chand State University of Performing and Visual Arts) མཆོག་བཅས་ཆེ་བསྟོད་སྐུ་མགྲོན་དུ་ཆེད་ཕེབས་གནང་ཡོད།

གཞན་ཡང་སྐབས་དེར་འཕགས་བོད་འབྲེལ་མཐུད་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་སྐུ་ཞབས་ཨིན་དི་རེ་ཤི་ཀུ་མར་ (Indresh Kumar) མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། འཕགས་བོད་འབྲེལ་མཐུད་ཚོགས་པའི་འཛིན་སྐྱོང་འགན་འཛིན་སྐུ་ཞབས་ཧར་ཇི་ཏེ་ སིངྒ་ གྷི་རེ་ཝལ་ (Shri Harjeet Singh Grewal) ལགས། གཞན་སྐུ་མགྲོན་གནད་ཡོད་མི་སྣ་དང་། ས་གནས་མང་ཚོགས་ཆེད་ཕེབས་གནང་འདུག

མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། དེ་རིང་སྔ་དྲོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་གནང་བ་ལྟར། འཕགས་བོད་གཉིས་དབར་ལོ་ངོ་སྟོག་ཕྲག་རིང་འབྲེལ་བ་བྱུང་ཡོད་ཅིང་། དེ་ཡང་ཆོས་དང་། རིག་གཞུང་གི་ཐོག་ཕན་ཚུན་སེམས་གཏིང་ནས་བློས་འཁེལ་བའི་འབྲེལ་བ་བྱུང་ཡོད་རེད། ང་ཚོ་བོད་མི་ཚོའི་བསམ་བློའི་ནང་ལོགས་ལ་རྒྱ་གར་ཟེར་དུས་ལྷ་ཡུལ་ལྟ་བུར་ངོས་འཛིན་བཞིན་པའི་གནས་བབ་ཅིག་ཡོད་རེད། འོན་ཀྱང་རྒྱ་ནག་དམར་གཞུང་གིས་བོད་ས་བཙན་བཟུང་བྱས་པའི་རྗེས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་བོད་མི་ཁྲི་ཚོ་བརྒྱད་ཙམ་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཤིང་། སྐབས་དེ་དུས་ང་ཚོར་ངོ་ཤེས་པ་གནམ་དང་། ས་མ་གཏོགས་མེད་པ་མ་ཟད། དཀའ་ལས་ཁག་པའི་དུས་ཚོད་དེར་རྒྱ་གར་གཞུང་མང་གཉིས་ནས་བློ་ཉེ་པོའི་ཐོག་རོགས་མགོན་དང་མཐུན་འགྱུར་ཧ་ལས་པ་གནང་ཡོད་རེད། དེར་ང་ཚོས་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་ཞིག་ཆགས་ཀྱི་ཡོད། དེ་ཡིན་དུས་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་རྒྱ་གར་གཞུང་མང་གཉིས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

བཙན་བྱོལ་ནང་བོད་མིའི་སྒྲིག་འཛུགས་དང་། དེ་བཞིན་གཞིས་ཆགས་ཁག དགོན་སྡེ་ཁག སློབ་གྲྭ་ཁག་བཅས་གསར་འཛུགས་གནང་བའི་ཐོག་ནས་བོད་ཀྱི་སྐད་ཡིག་དང་། ཆོས། རིག་གཞུང་བཅས་ད་བར་ལོ་ངོ་དྲུག་ཅུའི་རིང་མི་ཉམས་པར་གནས་ཐུབ་པ་དེ། གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་། དེ་བཞིན་མི་རབས་རྒན་པ་རྣམ་པས་སྐུ་ལས་བསྐྱོན་པ། ལྷག་པར་དུ་རྒྱ་གར་གཞུང་མང་གཉིས་ཀྱིས་མཐུན་འགྱུར་གནང་བ་བཅས་ལ་བརྟེན་ནས་བྱུང་བ་ཞིག་ཆགས་ཀྱི་ཡོད། དེས་ང་ཚོར་དམིགས་བསལ་གྱིས་གོ་སྐབས་ཆེན་པོ་ཞིག་དང་། ཕན་ཐོགས་ཆེན་པོ་བྱུང་ཡོད་པ་གཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད། རྒྱ་གར་གཞུང་མང་གཉིས་ཀྱི་ཐོག་ནས་བོད་ཀྱི་ཆོས་དང་། རིག་གཞུང་། ལྷག་པར་དུ་བོད་ཀྱི་རྩ་དོན་འཐབ་རྩོད་ཐོག་ལ་ཐུགས་སྣང་ཆེན་པོ་གནང་སྟེ། འཕགས་བོད་འབྲེལ་མཐུད་ཚོགས་པ་དང་། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ། དེ་བཞིན་རྒྱ་གར་མང་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་མང་པོ་ཞིག་གསར་འཛུགས་གནང་ཡོད་རེད། ཚོགས་པ་དེ་ཚོས་མཐུན་འགྱུར་རྒྱབ་སྐྱོར་གནང་བར་བརྟེན་ནས། རྒྱ་གར་ནང་བོད་ཀྱི་ཆོས་དང་། རིག་གཞུང་གསོན་པོར་གནས་ཐུབ་ཡོད་རེད།

བོད་ཀྱི་འཐབ་རྩོད་སྤྱི་དང་། ལྷག་པར་དུ་བོད་ཀྱི་ཆོས་དང་། རིག་གཞུང་སྲུང་སྐྱོབ་ཐོག་རྒྱ་གར་གཞུང་མང་གཉིས་དང་། དེ་བཞིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྣམ་དཔྱོད་དང་རྒྱབ་སྐྱོར་ནི་མེད་ཐབས་མེད་པ་འདྲ་པོ་ཆགས་བསྡད་ཀྱི་ཡོད་རེད། དེ་ཡིན་དུས་བོད་མི་ཚོས་རྒྱ་གར་གཞུང་མང་གཉིས་ལ་བློ་ཉེ་པོ་གནང་རྒྱུ་དང་། ཁོང་རྣམ་པའི་རྒྱབ་སྐྱོར་ཐོབ་ཐབས་གནང་དགོས་པ་གལ་ཆེན་པོ་རེད། ཚོགས་པ་འདི་བརྒྱུད་ནས་བོད་ཀྱི་རྩ་དོན་སྤྱི་དང་། ལྷག་པར་དུ་རྒྱ་གར་ནང་བོད་དོན་གོ་རྟོགས་སྤེལ་རྒྱུའི་ཐོག་ཕན་ཐོགས་ཆེན་པོ་བྱུང་ཡོད་རེད། དུས་རྒྱུན་ཁོང་རྣམ་པའི་མཛད་སྒོ་འཚོགས་སྐབས། གྲོས་ཚོགས་དང་། འཛིན་སྐྱོང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་མགྲོན་འབོད་ཀྱིས་བོད་དོན་སྐོར་གཏམ་བཤད་གནང་རྒྱུའི་གོ་སྐབས་མཐུན་འགྱུར་གནང་གི་ཡོད་རེད། དེ་ཚོའི་གྲས་ང་ཚོས་བརྗེད་ཐབས་མེད་པ་དང་། མུ་མཐུད་འབྲེལ་བ་དམ་ཟབ་ཉར་དགོས་པ་དེ་གལ་ཆེན་པོ་རེད། མཐའ་དོན་ཚོགས་པ་འདིའི་དམིགས་ཡུལ་མཐའ་དག་ལམ་ལྷོངས་ལྡན་པ་ཡོང་བ་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པ། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་གནང་ཡོད་པ་བཅས། །