འཇར་མན་ནང་གི་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

༄༅། ། འཇར་མན་ནང་རྟེན་གཞི་བྱས་པའི་ Tibet Kailash haus ཡི་འགན་འཛིན་སྐུ་ཞབས་ Wilfried Pfeffer ལགས་ཀྱི་སྣེ་འཁྲིད་འོག་ལོ་ལྟར་འཇར་མན་ས་ཁུལ་ཁག་འདྲ་མིན་ནང་གི་གལ་ཆེའི་མི་སྣ་ཁག་ཅིག་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། བོད་མིའི་འཐབ་རྩོད་ཀྱི་གནས་བབ་སོགས་ཤེས་ཐབས་དང་རྒྱུས་ལོན་ཆེད་བཞུགས་སྒར་དུ་ཕེབས་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༡༧ ཡི་ལས་འཆར་བཞིན་བཞུགས་སྒར་རྡ་སར་ཕེབས་གནང་ཡོད་འདུག

དེ་ཡང་ཐེངས་འདིའི་ལས་རིམ་ལྟར་ཕྱི་ཟླ་ ༡༠ ཚེས་ ༢༥ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣།༠༠ ཐོག་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་རྒྱུན་ལས་ཚོགས་མི་གཅིག་དང་། ཚེ་མཆོག་གླིང་དགོན་པའི་སློབ་སྟོན་པ། དེ་བཞིན་སྐུ་ཞབས་ Wilfried Pfeffer མཆོག་གིས་གཙོས་འཇར་མན་གྱི་མི་སྣ་ ༢༠ ཙམ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་སྣེ་ལེན་དང་མཇལ་འཕྲད་གནང་ཡོད།

དེ་རྗེས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་ཕྱི་ནང་གཉིས་ཀྱི་ད་ལྟའི་གནས་བབ་དང་། འདས་པའི་བོད་ཀྱི་ལོ་རྒྱུས་སྙིང་བསྡུས། མ་འོངས་བོད་རྒྱ་ཞི་མོལ་ཡོང་ཐབས་སླད་འབད་བརྩོན་ཇི་གནང། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ། ཚོགས་འདུའི་འགྲོ་ལུགས། རྒྱལ་སྤྱིའི་ནང་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཚོགས་པ་ཁག་དང་། ཚོགས་པ་དེ་རྣམས་ཀྱི་ལྷན་ཚོགས་སོགས་ངོ་སྤྲོད་ཞིབ་ཕྲ་གནང་བ་དང་ཆབས་ཅིག། ཁོང་རྣམས་ལ་མ་འོངས་པ་སོ་སོའི་ས་ཁུལ་ལ་ཕྱིར་ཕེབས་འབྱོར་མཚམས། བོད་དོན་རྒྱབ་སྐྱོར་ཚོགས་པ་གང་མང་གསར་འཛུགས་དང་། ལྷག་པར་དུ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚགས་ཚུད་དང་སྲ་བརྟན་ཡོང་སླད་ནུས་པ་རྒྱ་ཆེར་འདོན་གནང་རྒྱུའི་འབོད་སྐུལ་ཡང་ཞུས་གནང་ཡོད། དེ་ནས་དཔལ་ལྡན་ཚོགས་གཞོན་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་སྐུ་ཞབས་ཁོང་ལ་ཆེ་བསྟོད་ཕྱག་རྟགས་དང་། འདིར་ཕེབས་པའི་སྐུ་མགྲོན་ཡོངས་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུས་གནང་ཡོད།

སྐུ་ཞབས་ Wilfried Pfeffer ལགས་ནས་ལོ་ངོ་ ༤༠ ལྷག་རིང་བོད་ཀྱི་འཐབ་རྩོད་སྲ་བརྟན་དང་ཚགས་ཚུད་ཡོང་སླད། བོད་མིའི་ཤེས་ཡོན་དང་། ཆབ་སྲིད། རིག་གཞུང་སོགས་གོང་འཕེལ་ཡོང་བར་ད་བར་དཔལ་འབྱོར་མཐུན་འགྱུར་གནང་དང་གནང་མུས་ཡིན་པ་དང་། བོད་མིའི་འཐབ་རྩོད་ཐོག་དུས་རྟག་ཏུ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་འདུག་པ་བཅས་ཀྱི་གནས་ཚུལ་དུ། །