ཛམ་ཐང་ནས་རྒྱལ་གཅེས་དཔའ་མོ་སྐལ་སྐྱིད་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག

༄༅། །དེ་ཡང་རྡ་སར་གནས་སྡོད་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་གནས་ཚུལ་མཁོ་གཏོང་གནང་བ་ལྟར་ན། ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༤ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༣:༣༠ ཡས་མས་སུ་ཛམ་ཐང་ཇོ་ནང་དགོན་ཆེན་གྱི་ཉེ་འགྲམ་ནས་རང་ལོ་ ༣༠ ཡིན་པའི་བོད་རིགས་བུད་མེད་སྐལ་སྐྱིད་ཞུ་བ་ཞིག་གིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་སྲིད་བྱུས་ལ་ངོ་རྒོལ་གནང་ནས་སྐུ་གྲོངས་ཡོད་པའི་ཛ་དྲག་གི་གནས་ཚུལ་ཐོན་འདུག

 

རྒྱལ་གཅེས་དཔའ་མོ་སྐལ་སྐྱིད་ལགས།རྒྱལ་གཅེས་དཔའ་མོ་སྐལ་སྐྱིད་ལགས།

 

གནས་ཚུལ་འབྱོར་གསལ་ལྟར་ན་ཁོང་མོའི་སྐུ་ཕུང་རྒྱ་གཞུང་གི་ལག་ཏུ་མ་ཤོར་བར་འབྲེལ་ཡོད་མི་སྣ་ཁག་གིས་ཛམ་ཐང་ཇོ་ནང་དགོན་ཆེན་དུ་གདན་འདྲེན་ཞུས་ཏེ། ད་སྐབས་དགོན་པར་རྒྱུན་བཞུགས་ཀྱི་སྒྲུབ་གྲྭ་བ་རྣམས་ཀྱིས་འཕོ་ལུང་དང་སྨོན་ལམ་གསུང་བཞིན་ཡོད་འདུག

 

དེའི་རྗེས་སུ་གནས་ཚུལ་འབྱོར་གསལ་ལྟར་ན་ས་གནས་རྫོང་སྲིད་གཞུང་དང་ས་གནས་ཉེན་རྟོག་ཁང་སོགས་ཀྱིས་བཙན་བཀའ་བཏང་ནས་ཁོང་མོའི་སྐུ་ཕུང་དེ་རིང་མཚན་མོའི་དུས་ཚོད་ ༡༢ ཀྱི་སྔ་རོལ་དུ་ཞུགས་འབུལ་བྱེད་དགོས་སྐོར་དང་། དེ་ལྟར་མ་བྱས་ཚེ་ཁོང་མོའི་སྐུ་ཕུང་བཙན་ཁྱེར་བྱེད་རྒྱུ་ཡིན་ཚུལ་བརྗོད་པར་བརྟེན་དེ་རིང་གི་མཚན་མོའི་དུས་ཚོད་ ༡༢ སྟེང་ཁོང་མོའི་སྐུ་ཕུང་ཞུགས་འབུལ་གནང་རྒྱུ་ཡིན་འདུག་ལ། ད་སྐབས་ས་གནས་སུ་ཛམ་ཐང་ཇོ་ནང་དགོན་ཆེན་གྱི་གྲྭ་བ་དང་། ས་གནས་མང་ཚོགས་སོགས་ཁྱོན་མི་གྲངས་ ༤༠༠༠ ལྷག་འདུ་འཛོམས་ཀྱིས་ཁོང་མོའི་ནང་མི་ལ་གདུང་སེམས་མཉམ་སྐྱེད་དང་། སྐུ་ཕུང་ཞུགས་འབུལ་བྱེད་པར་གྲ་སྒྲིག་བྱེད་བཞིན་ཡོད་འདུག

 

རྒྱལ་གཅེས་དཔའ་མོ་སྐལ་སྐྱིད་ལགས་ཀྱི་ནང་མི།རྒྱལ་གཅེས་དཔའ་མོ་སྐལ་སྐྱིད་ལགས་ཀྱི་ནང་མི།

 

རྒྱལ་གཅེས་དཔའ་མོ་སྐལ་སྐྱིད་ལགས་ཀྱི་ཕ་ཡུལ་ནི་མདོ་སྨད་ཛམ་ཐང་བར་བ་ཡུལ་ཚོའི་པོས་བ་ཚང་ཞེས་པའི་ཁྱིམ་ཚང་ནས་ཡིན་ཞིང་། ཁོང་མོར་ད་ཆར་ཤུལ་དུ་རང་ལོ་ ༡༥ མན་གྱི་བུ་བདེ་རྣམ་དང་། པོ་ཆུང་། བསོ་པོ། བུ་མོ་ཆུང་བཅས་བུ་ཕྲུག་བཞི་ཡོད་འདུག ཁོང་མོའི་ཁྱོ་གའི་མིང་ལ་གྲུས་པེ་དང་། ཕ་མིང་ལ་མཆོད་ལྡན། མ་མིང་ལ་དཔའ་རིས་བཅས་ཡིན་འདུག འདི་ནི་མདོ་སྨད་ཛམ་ཐང་ནས་བོད་དོན་ཆེད་རང་ལུས་མེར་སྲེག་གཏོང་མཁན་ཐེངས་ ༥ པ་དེ་ཆགས་ཡོད་འདུག་པ་བཅས།།