ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ལས་དོན་མཇུག་བསྒྲིལ་བ།

༄༅། །བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༢༌༌༌༡༣ ལོའི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་དུ་སྤྱི་འཐུས་པདྨ་འབྱུང་གནས་ལགས་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་རྒྱ་རིགས་ཐར་ལགས། སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས།  སྤྱི་འཐུས་འཇིགས་མེད་འབྱུང་གནས་ལགས་བཅས་སུ་སྤྱི་ལྷན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་བསྐོ་འཛུགས་གནང་བ་བཞིན། ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༢༧ ཉིན་ཚོགས་ཆུང་ལྷན་འཛོམས་ཀྱིས་སྤྱི་འཐུས་པདྨ་འབྱུང་གནས་ལགས་ཚོགས་ཆུང་གི་ཚོགས་གཙོ་དང།  སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཚོགས་ཆུང་གི་དྲུང་ཆེར་སྤྱི་མོས་བྱུང་བ་བཅས་ལས་དོན་དབུ་འཛུགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༧ བར་ཉིན་གྲངས་ ༩ རིང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་ཁྱབ་ཁོངས་དང་བཅས་པའི་རྩིས་ལོ་ ༢༠༡༢༌༌༌༡༣ ལོའི་སྔོན་རྩིས་ལ་བཀའ་ཤག་གི་རྒྱབ་གཉེར་གནང་བའི་ཡིག་ཆ་ཡོངས་ལ་ཞིབ་འཇུག་ནན་ཏན་གནང་སྟེ་དོན་ཚན་བདུན་ཅན་གྱི་ལས་དོན་སྙན་ཐོ་དང།  ལས་ཁུངས་དང་སྡེ་ཚན་ཁག་གཅིག་གི་བཀའ་ཤག་གི་རྒྱབ་གཉེར་ལ་སྤར་ཆ་དང།  གཅོག་ཆ་གནང་བའི་རེའུ་མིག་ཡིག་ཆ་ཟུར་གསལ་བཅས་ད་ཉིན་སྔ་དྲོ་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་པདྨ་འབྱུང་གནས་ལགས་དང།  དྲུང་ཆེ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་རྣམ་གཉིས་ཚོགས་དྲུང་ལས་ཁུངས་སུ་ཆེད་ཕེབས་ཀྱིས་གནང་སོན་བྱུང་སོང་བའི་གནས་བསྡུས་སུ།  ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༧ ལ།།