ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱ་མཁའ་འགྲོ་དབྱངས་སྐྱིད་ལགས་ལས་བྱེད་འདེམས་བསྐོ་ལྷན་ཁང་དུ་གནས་སྤོས་གནང་བར་ཕེབས་སྐྱེལ་ཇ་སྟོན་སྟབས་བདེ་ཞིག་གོ་སྒྲིག་གནང་བ།

༄༅། །ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱ་མཁའ་འགྲོ་དབྱངས་སྐྱིད་ལགས་ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༢༥ ཉིན་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ལས་བྱར་གནས་སྤོས་གནང་བར། ཚོགས་དྲུང་ལས་ཁུངས་ནས་དེ་རིང་ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཙམ་ལ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་ངོ་བཞུགས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༩ པའི་ཚོགས་མི་ངོ་བཞུགས། དེ་བཞིན་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་རྣམས་བཅས་ཚང་འཛོམས་ཐོག་ཕེབས་སྐྱེལ་ཇ་སྟོན་སྟབས་བདེ་ཞིག་གོ་སྒྲིག་གནང་ཡོད།

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ལས་བྱ་མཁའ་འགྲོ་དབྱངས་སྐྱིད་ལགས་ཀྱིས་ད་བར་ཞབས་ཕྱི་ཧུར་ཐག་ཞུས་པར་ཡི་རངས་བསྔགས་བརྗོད་དང་། འབྱུང་འགྱུར་ཡང་མུ་མཐུད་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ལ་སྔར་བཞིན་ཞབས་ཕྱི་ཧུར་ཐག་ཞུ་དགོས་གལ། དེ་བཞིན་འབྲེལ་ཡོད་ཚང་མའི་ཚབ་ཞུས་ཏེ་བཀྲ་ཤིས་སྨོན་འདུན་ཡོད་ཅེས་བཀའ་སློབ་གནང་རྗེས། དགའ་སྐྱེལ་གྱི་མཇལ་དར་དང་ཕྱག་རྟགས་གནང་ཡོད།

ལས་བྱ་མཁའ་འགྲོ་དབྱངས་སྐྱིད་ལགས་ཚོགས་དྲུང་ལས་ཁུངས་སུ་ཕྱི་ལོ་ ༢༠༠༣ ཟླ་ ༦ ཚེས་ ༡༨ ཉིན་ལས་བཅར་ཞུས་ཏེ། ད་བར་ལོ་ངོ་ ༡༥ ལྷག་ཕྱིན་ཡོད་པ་དང་། དུས་ཡུན་དེའི་རིང་རང་འཁྲིའི་ལས་དོན་མཐའ་དག་འཐུས་ཤོར་མེད་པར་ཧུར་ཐག་གནང་ཡོད་པས། བོད་མི་མང་སྤྱི་འཐུས་རྣམ་པ་དང་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་ཡོངས་ཀྱི་བསྔགས་འོས་སུ་གྱུར་ཡོད་པ་བཅས། །