ཚོགས་དུས་ ༦ པའི་ཉིན་ ༤ པའི་ལས་རིམ་སྙིང་བསྡུས།

གསར་དུ་བདམས་ཐོན་བྱུང་བའི་ཁྲིམས་ཞིབ་པ་ངག་དབང་ཆོས་གྲགས་ལགས།

དེ་རིང་སྔ་དྲོ་འཕྲོད་བསྟེན་ལས་ཁུངས་སུ་སྐར་རྟགས་ཅན་གྱི་དྲི་བ་དང་འཕྲོས་དོན་དྲི་བ་བྱུང་ཁག་ལ་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་ནས་ལན་འདེབས་གནང་ཡོད་པ་དང་། ཤེས་རིག་བཀའ་བློན་མཆོག་ལ་ཐུགས་སྣང་གཞེན་སྐུལ་གྱི་གྲོས་འཆར་གནང་བ་དང་སྦྲགས། དཔལ་ལྡན་ཤེས་རིག་བཀའ་བློན་བློ་བཟང་སེང་གེ་མཆོག་ནས་གསལ་བཤད་གནང་ཡོད་པ་རེད། དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དུ་ཆིབས་བསྒྱུར་བསྐྱངས་པར་བོད་མི་མང་སྤྱི་འཐུས་རྣམ་པ་གཙུག་ལག་ཁང་དུ་ཕེབས་བསུར་བཅར།

ཉིན་རྒྱབ་བཅའ་ཁྲིམས་དོན་ཚན་ ༦༣ གྱི་དགོངས་དོན་འོག་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་མིའི་སྒྲིག་འཛུགས་རྩིས་ཞིབ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་བཀའ་བརྒྱུད་དོན་གྲུབ་ལགས་དང་། ད་ལྟའི་ཆོས་རིག་དྲུང་ཆེ་ངག་དབང་ཆོས་གྲགས་ལགས་རྣམ་གཉིས་ཀྱི་མིང་ཐོ་གྲོས་ཚོགས་ནང་སྙན་སྒྲོན་ཞུས་པ་ལས། ངོ་ཡོད་སྤྱི་འཐུས་ ༣༧ གྱིས་འོས་ཤོག་ཕངས་ཏེ། བཀའ་རྒྱུད་དོན་གྲུབ་ལགས་སུ་འོས་གྲངས་ ༡༦ དང་། ངག་དབང་ཆོས་གྲགས་ལགས་སུ་འོས་གྲངས་ ༢༡ ཐོབ་སྟེ། ད་ལྟའི་ཆོས་རིག་དྲུང་ཆེ་ངག་དབང་ཆོས་གྲགས་མཆོག་མང་མོས་ཐོག་ཁྲིམས་ཞིབ་པ་གཞན་གཅིག་ལ་བདམས་ཐོན་བྱུང་བའི་གསལ་བསྒྲགས་གནང་ཡོད་པ་རེད། ཁོང་ནི་དེ་སྔོན་ཁྲིམས་ཞིབ་པ་གཞན་གཉིས་ཀྱི་ཁོངས་ནས་ངག་དབང་ཐུབ་བསྟན་ལགས་བགྲེས་ཡོལ་ཞུས་པའི་ཚབ་ཏུ་འོས་འདེམས་བྱུང་བ་ཞིག་ཆགས་ཡོད།

 

དེ་རྗེས་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ནས་ཁ་སང་གི་འཕྲོས་དོན་དྲི་བ་ལྷག་མ་རྣམས་ལ་ལན་འདེབས་གསལ་བཤད་ཆ་ཚང་ཞུས་ཡོད་པ་རེད། གཞན་ཡང་དགོང་དྲོ་སྤྱི་འཐུས་རྣམ་པ་བཞུགས་མོལ་ཚོགས་འདུ་ཚོགས་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ།