ཚོགས་དུས་ ༡༡ པར་ཚོགས་གཙོའི་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད།

དཔལ་ལྡན་བཀའ་བློན་ཁྲི་པ་རིན་པོ་ཆེ་དབུས་པའི་བཀའ་ཤག་ལྷན་རྒྱས་རྣམ་པ་དང་དཔལ་ལྡན་ཚོགས་གཙོ་གཞོན་པ་དབུས་པའི་བཀུར་འོས་སྤྱི་འཐུས་རྣམ་པ་ཚང་མ་ལ་ད་རེས་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བཅུ་གཅིག་པའི་ཐོག་ཏུ་ཚང་མ་སྐུ་གཟུགས་བདེ་ཐང་ཐོག་ཚོགས་བཅར་ཞུ་ཐུབ་པ་དེར་ཚོགས་གཙོའི་ངོས་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
ད་རེས་ཀྱི་ཚོགས་དུས་འདི་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་མཐའ་མ་དེ་ཆགས་ཀྱི་ཡོད་པ་དང༌། ཚོགས་དུས་འདི་སྔོན་རྩིས་ཀྱི་ཚོགས་དུས་ཤིག་ཀྱང་ཆགས་ཀྱི་ཡོད་རེད། ད་རེས་ཚོགས་དུས་འདིར་རྒྱལ་སྤྱིའི་ཆ་ནས་བཤད་པ་ཡིན་ན། འཛམ་བུ་གླིང་ནང་སྔོན་མ་བསམ་བློའི་ནང་དུའང་འཁོར་མ་ཐུབ་པའི་འགྱུར་འགྲོས་ཆེན་པོ་ཕྱིན་བསྡད་པའི་དུས་སྐབས་ཤིག་རེད། བྱང་ཨ་ཧཕི་རི་ཀའི་ཏུའུ་ནེ་ཤེ་ཡ་ནས་འགོ་བཙུགས་ནས་ཨི་ཇིབ་ཌི་དང༌། ཡེ་མན། བྷ་རན། ལི་སྦི་ཡ་སོགས་སུ་མི་མང་གི་མངོན་འདོད་གཞིར་བཟུང་གི་གཞུང་སྲིད་འཛིན་སྐྱོང་མི་བྱེད་མཁན་གྱི་འགོ་གཙོ་ཚོ་ལ་མི་མང་གིས་ཞི་བའི་གྱེན་ལངས་བྱས་ཏེ་གཞུང་མགོ་རྟིང་བསློགས་ཐུབ་པའི་གནས་སྟངས་ཤིག་བྱུང་ཡོད་རེད། སྔོན་མའི་ལོ་རྒྱུས་ནང་ལ་ཤར་འཇར་མན་དང༌། ནུབ་འཇར་མན་བར་སྦར་ལིན་རྩིག་གྱང་བསློགས་པ་དང༌། ཨུ་རུ་སུ་ཁ་ཐོར་དུ་ཕྱིན་པ། དེ་ག་ནང་བཞིན་ད་ལྟའི་བྱང་ཨ་ཧཕི་རི་ཀ་དང༌། དབུས་ཤར་ཨེ་ཤེ་ཡ་ནང་ལ་གནས་ཚུལ་དེ་འདྲ་བྱུང་བ་དེ་མིའི་བསམ་བློའི་ནང་མ་འཁོར་བ་ཞིག་དང༌། རེ་བ་བརྒྱབ་མྱོང་མེད་པའི་གནས་ཚུལ་ཞིག་དངོས་སུ་བྱུང་བ་རེད། གནད་དོན་དེ་འདྲའི་འོག་ང་ཚོ་བོད་དོན་ཐོག་ཡིན་ནའང་འགྱུར་བ་ཞིག་ཏན་ཏན་ཡོང་སྲིད་པ་དང༌།  ང་ཚོ་སོ་སོའི་རྒྱལ་ཁབ་ཏུ་ཕྱིར་ལོག་ཐུབ་པའི་གོ་སྐབས་ཤིག་ཏན་ཏན་ཡོང་གི་རེད་བསམ་པའི་རེ་བ་ཞིག་ཆགས་བསྡད་ཀྱི་འདུག དེ་ག་ནང་བཞིན་བློ་སྤོབས་སྐྱེ་གཞི་ཞིག་ཀྱང་ཆགས་བསྡད་ཀྱི་ཡོད་རེད། གནད་དོན་དེ་ཚོའི་རྐྱེན་པས་རྒྱ་ནག་ནང་དུའང་དམངས་གཙོ་དོན་གཉེར་བ་དང༌། རང་དབང་དང་ཞི་བདེ་ལ་དགའ་མཁན་དེ་ཚོས་ཀུན་དའི་གསར་བརྗེ་ Jasmine  Revolution ལ་དཔེ་སྦྱར་ཏེ་ཞི་རྒོལ་གྱི་འབད་བརྩོན་ཞིག་བྱས་པ་རེད། འོན་ཀྱང༌། རྒྱ་ནག་དབང་འཛིན་པ་ཚོས་ད་ལྟའི་རྒྱལ་སྤྱིའི་ཆབ་སྲིད་འགྱུར་འགྲོས་ལ་ལྟོས་མེད་དང༌། དེ་ནས་ལེགས་ཆ་མ་བླངས་པར། ད་དུང་དྲག་གནོན་བྱེད་རྒྱུའི་ལས་འགུལ་ཞིག་འགྲོ་དང་འགྲོ་བཞིན་པ་རེད། ཡིན་ནའང༌། དེ་ག་ཚོད་བར་དུ་འགྲོ་ཐུབ་མིན་དེ་གནད་འགག་ཅིག་ཆགས་བསྡད་ཡོད་རེད། གང་ལྟར། མ་འོངས་པར་རྒྱ་ནག་ནང་ལ་འགྱུར་བ་མ་འགྲོ་བ་ཞིག་གཏན་ནས་ལྷག་མེད་པ་དེ་རང་བཞིན་གྱིས་གསལ་པོ་རེད་ཅེས་ཞུ་ཐུབ་པ་ཞིག་རེད། བོད་ནང་ལ་ཡིན་ནའང་ ༢༠༠༨ ལོའི་ཕྱི་ཟླ་ ༣ པའི་ནང་ཞི་རྒོལ་དོན་རྐྱེན་བྱུང་བ་ནས་བཟུང་དེ་རིང་སྤྱི་ཟླ་ ༣ ཚེས་ ༡༤ བར་ལོ་གསུམ་ཧྲིལ་པོ་ཏག་ཏག་འཁོར་གྱི་ཡོད་རེད། བོད་ནང་གི་ཛ་དྲག་གི་གནས་སྟངས་དེ་ཡང་མུ་མཐུད་ནས་ལྷག་བསྡད་ཡོད་རེད། ལྷག་པར་དུ་ད་ལྟ་ང་ཚོས་སྐད་ཆ་བཤད་བསྡད་པའི་སྐབས་སུ་བོད་ནང་དུ་དམ་དྲག་ཤུགས་ཆེན་པོ་ཞིག་བྱེད་བཞིན་ཡོད་པ་དེ་ང་ཚོས་ཤེས་གསལ་རེད། བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་ང་ཚོས་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་གྲོས་ཚོགས་ཀྱི་སྡིངས་ཆ་འདིའི་ཐོག་ནས་ཞུ་འདོད་བྱུང༌། ང་རང་ཚོ་བཙན་བྱོལ་ནང་ལ་ཆ་བཞག་པ་ཡིན་ན། ད་རེས་ཀྱི་གྲོས་ཚོགས་འདི་མང་གཙོ་དབུ་བརྙེས་ནས་ལོ་ལྔ་བཅུ་ཧྲིལ་པོ་ལྷག་ཕྱིན་ཡོད། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་བོད་ས་མ་ཤོར་སྔོན་ནས་བོད་ནང་ལེགས་བཅོས་གནང་རྒྱུའི་དགོངས་བཞེད་ཡོད་པ་དང༌། བཙན་བྱོལ་དུ་ཕེབས་མ་ཐག་ནས་ད་ལྟ་བར་དུ་མང་གཙོའི་འཕེལ་རིམ་གྱི་ཐོག་ལ་ག་དུས་ཡིན་ནའང་ྋརྒྱལ་བ་རིན་པོ་ཆེ་སྐུ་སྒེར་གྱིས་བཀའ་གནང་ནས་ང་ཚོ་མང་གཙོའི་ལམ་སྲོལ་ཐོག་ཏུ་གོམ་པ་སྤོས་པ་དང༌།  ཡར་རྒྱས་བཏང་བའི་གནས་སྟངས་དེ་ྋརྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་རེད། ད་ལྟའི་རྒྱལ་སྤྱིའི་ནང་ཏུ་འཐབ་རྩོད་བྱེད་མཁན་ཡོང་བཞིན་པའི་འབྱུང་རྐྱེན་ནི་གཞུང་འཛིན་པ་ཚོས་མི་མང་གི་མངོན་འདོད་གཞིར་མ་བཞག་པའི་ཐོག་ནས་དྲག་གནོན་དང༌། འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་དང༌།  ཁྲིམས་ཀྱི་དབང་བསྒྱུར་དང༌། རང་དབང་བཅས་ལ་བརྡལ་བཤིག་བཏང་སྟེ་ཡོང་བསྡད་ཀྱི་ཡོད་རེད། ང་ཚོའི་གནས་སྟངས་ནི་དེ་ལས་ལྡོག་སྟེ།  ག་དུས་ཡིན་ནའང་ྋརྒྱལ་བ་རིན་པོ་ཆེ་སྐུ་སྒེར་གྱི་ངོས་ནས་མི་མང་ལ་དབང་བསྐུར་དང༌།  མང་གཙོ་འཕེལ་རིམ་ཤུགས་ཆེ་རུ་བཏང་བ་ཞིག་ཆགས་བསྡད་ཡོད་རེད། ཁ་སང་གསུམ་བཅུ་དུས་དྲན་གྱི་གསུང་འཕྲིན་ནང་ལ་བཀའ་སློབ་ལྗིད་པོ་ཕེབས་པ་ནང་བཞིན།  ད་རེས་ཀྱི་གྲོས་ཚོགས་སུ་ཤོག་ལྷེ་བདུན་ཅན་གྱི་གསུང་འཕྲིན་ཞིག་ཀྱང་བསྩལ་གནང་ཡོད་རེད། དེའི་ནང་དོན་དེ་དག་དཔེ་མི་སྲིད་པའི་ལྗིད་པོ་དང༌། ད་ལྟའི་ཆབ་སྲིད་དང་གནས་སྟངས་མང་པོ་ཞིག་ལ་གཞིར་བཞག་པ་ཡིན་ན་སེམས་ནང་དུ་མ་ཤོང་བ་ཞིག་ཆགས་བསྡད་ཀྱི་འདུག འོན་ཀྱང༌། བོད་མི་མང་སྤྱི་འཐུས་ལྷན་ཚོགས། ལྷག་པར་དུ་སྐབས་བཅུ་བཞི་པའི་གྲོས་ཚོགས་འདིར་འགན་ལྗིད་པོ་ཞིག་བསླེབས་བསྡད་ཡོད་རེད། འགན་ལྗིད་པོ་བསླེབས་པ་ནང་བཞིན་གསུང་འཕྲིན་རིན་པོ་ཆེའི་ནང་དོན་ལ་ང་ཚོ་ཚང་མས་བློ་སྒྲིམ་དགོས་པ་དང༌།  བསམ་བློ་གཏིང་ཟབ་མོ་བཏང་ནས་སོ་སོའི་དགོངས་ཚུལ་གྲོས་ཚོགས་ནང་དུ་སྤུངས་དགོས་པ་ཆགས་བསྡད་ཡོད་རེད།  འགན་བསྐུར་བ་དེ་ང་ཚོས་ཁུར་ཐུབ་པར་བྱེད་དགོས་རྒྱུ་དེ་གལ་ཆེན་པོ་རེད་བསམ་གྱི་ཡོད། གཞན་ཆབ་སྲིད་ཀྱི་གནད་དོན་ཐོག་མང་པོ་ཞུ་དགོས་པ་མི་འདུག གསུམ་བཅུ་དུས་དྲན་གྱི་བོད་མི་མང་སྤྱི་ལྷན་ཚོགས་ཀྱི་གཏམ་བཤད་ནང་དུ་རྒྱ་ནག་དང༌། བོད་ནང༌། རྒྱལ་སྤྱི། ང་རང་ཚོ་བཙན་བྱོལ་གྱི་གནས་བབ་གང་ཅིའི་ཐད་རྒྱས་ཤིང་རྒྱས་པ་ཞིག་ཞུས་ཡོད། ད་རེས་གྲོས་ཚོགས་འདིའི་ནང་སྔོན་རྩིས་ཀྱི་ལས་རིམ་ཐོག་ལ་དུས་ཚོད་གང་ལ་གང་འཚམ་ཞིག་གཏོང་དགོས་པ་ཡིན་མོད། ཡིན་ནའང་ྋགསུང་འཕྲིན་རིན་པོ་ཆེ་ཕེབས་ཡོད་སྟབས། དེའི་ཐོག་ལ་དུས་ཚོད་གང་མང་མང་ཞིག་གཏོང་ཐུབ་རྒྱུ་དང༌། དེ་བརྒྱུད་ནས་མ་འོངས་བོད་ཀྱི་གྲོས་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ལ་ལམ་སྟོན་གསལ་པོ་ཞིག་ཡོང་ཐུབ་པའི་རེ་བ་ཞུ་རྒྱུ་ཡིན། གསུང་འཕྲིན་རིན་པོ་ཆེའི་ཐོག་ལ་ང་ཚོས་ཉིན་དང་པོ། གཉིས་པ། གསུམ་པའི་ལས་རིམ་འགྲོ་བའི་ཞོར་ལ་དུས་ཚོད་ག་ཚོད་གཏོང་དགོས་ཀྱི་ཡོད་མེད་དང༌། གང་ཅིའི་ཐད་ལ་བསམ་གཞིགས་བྱས་ནས་ལས་རིམ་སྒྲིག་རྒྱུ་ཡིན། གསུང་འཕྲིན་རིན་པོ་ཆེའི་ཐོག་དུས་ཚོད་གང་ལ་གང་འཚམ་ཞིག་འགྲོ་གི་ཡོད་སྟབས། སྔོན་རྩིས་དང་འབྲེལ་བའི་ལས་དོན་ཐོག་ནས་དུས་ཚོད་ཏོག་ཙམ་བསྲི་ཚགས་བྱེད་ཐུབ་ན་བསམ་གྱི་འདུག དེ་མིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཆེད་བཙུགས་ཚོགས་ཆུང་ཁག་གི་སྙན་ཐོ་རྣམས་ད་རེས་གྲོས་ཚོགས་སུ་ཡོང་གི་ཡོད་རེད། དེ་ཚོའི་ཐོག་བགྲོ་གླེང་དང༌། ཐག་གཅོད་བྱེད་དགོས་པའི་གནད་དོན་འགའ་ཤས་ཤིག་ཡོད་རེད། དེ་ཚོ་དགོངས་པར་འཇོག་དགོས་ཀྱི་འདུག
མཐའ་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་རྒྱ་གསར་པ་ཞིག་བཟོས་ཡོད་རེད། ཟུར་དུ་སྒོ་འབྱེད་བྱེད་མ་དགོས་པའི་ཐོག་ནས་དབུ་འབྱེད་གཏམ་བཤད་ཀྱི་ནང་དུ་བཤད་ན་བསམ་བྱུང༌།  དེ་བརྒྱུད་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ལས་དོན་ག་རེ་བྱེད་ཀྱིན་ཡོད་པ་གསལ་སྟོན་དང༌།  ལྷག་པར་དུ་གྲོས་ཚོགས་ཀྱི་ལས་རིམ་དེ་ཕྱི་དྲིལ་ལས་ཁུངས་ཀྱི་དྲ་བརྙན་ Tibet online TV  བརྒྱུད་ནས་རྒྱལ་སྤྱིའི་ནང་གཟིགས་ཐུབ་པ་དང༌།   བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་རྒྱ་འདི་བརྒྱུད་གསན་ཐུབ་པའི་མཐུན་རྐྱེན་སྦྱར་ཡོད།        ཞལ་བྱང་ནི་  www.chithu.org.org       ཡང་ན་ www.tibetanparliament.org བརྒྱུད་ནས་གཟིགས་ཐུབ་ཀྱི་རེད།  ད་རེས་ཀྱི་གྲོས་ཚོགས་འདིའི་ནང་ཚོགས་དུས་ཆ་ཚང་དགོངས་པ་ཞུ་མཁན་སྤྱི་འཐུས་གཉིས་བྱུང་སོང༌།  ཉིན་ ༤ དང་ ༦ དགོངས་པ་ཞུ་མཁན་སྤྱི་འཐུས་རེ་ཟུང་ཞིག་བྱུང་སོང༌།  ཉིན་གཅིག་གཉིས་དགོངས་པ་ཞུ་མཁན་ཡང་འགའ་ཤས་ཤིག་བྱུང་བཞག ད་ལྟ་གྲོས་ཚོགས་ཚོགས་ཁང་འདིའི་ནང་ལ་སྤྱི་འཐུས་བཞི་བཅུ་ཞེ་གསུམ་ནས་དྲུག་ཕེབས་ཐུབ་མི་འདུག ཚོགས་གཙོས་རེ་བ་ཞུ་རྒྱུ་ལ། ད་རེས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཀྱི་ཚོགས་དུས་མཐའ་མ་དེ་ཡིན་པས་ཚང་མ་ཕེབས་ཐུབ་ན་བསམ་ནས་སྔོན་མའི་གྲོས་ཚོགས་ཚོགས་དུས་བཅུ་པའི་སྐབས་ལ་འབོད་སྐུལ་ཞུས་པ་ཡིན། ཕེབས་ཐུབ་པ་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌།  ད་རེས་ཀྱི་གྲོས་ཚོགས་ཆ་ཚང་ལ་སྤྱི་འཐུས་རྣམ་པ་ཚོས་སོ་སོའི་སྒེར་གྱི་བསམ་ཚུལ་ཙམ་མ་ཡིན་པར།  བོད་ཕྱི་ནང་གཉིས་ཀྱི་སྐུ་ཚབ་མཚོན་པའི་ཐོག་ནས་གནད་དོན་གལ་ཆེན་པོ་འདིའི་ཐོག་ལ་དུས་ཚོད་གཏོང་བ་དང༌།  བློ་བསྒྲིམས་ནས་གྲོས་ཚོགས་ནང་ལ་ཆ་ཤས་ལེན་ཐུབ་པའི་རེ་བ་ཞུ་གི་ཡོད།  དེ་ག་ནང་བཞིན་ད་རེས་གྲོས་ཚོགས་འདི་དོན་དང་ལྡན་པ་ཞིག་ཡོང་བའི་རེ་བ་ཞུ་གི་ཡོད།།   ཐུགས་རྗེ་ཆེ།