ཚོགས་གཞོན་མཆོག་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་མཛད་སྒོར་ཕེབས་ཞུགས།

ཟླ་ ༤ ཚེས་ ༢༥ ཉིན། གཞོན་ལྷན་དང་བུད་མེད་ཚོགས་པ། མང་གཙོ་ཚོགས་པ། དགུ་བཅུ་གསུམ། བོད་རང་དབང་སློབ་ཕྲུག་ཚོགས་པ་བཅས་གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་གོ་སྒྲིག་ཞུས་ཏེ། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་ ༢༢ སོན་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ་དང་། གདན་ཞུས་ལྟར་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མཆོག་མཛད་སྒོར་ཆེད་ཕེབས་ཀྱིས། ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་ཡབ་ཡུམ་དང་བཅས་པ་གར་བཞུགས་ཙམ་ཡང་ཤེས་རྟོགས་མི་ཐུབ་པའི་གནས་སྟངས་སྐྱོ་བོ་འདི་ལས་འཕྲལ་དུ་འགྲོལ་ཐུབ་པ་དང་། པཎ་ཆེན་རིན་པོ་ཆེ་སྐུ་ཁམས་གསལ་ཐང་ངང་གསན་བསམ་སློབ་གཉེར་གོང་འཕེལ་དང་། ༸རྒྱལ་བ་ཡབ་སྲས་རྣམ་གཉིས་གང་མྱུར་ཞལ་འཛོམས་ཡོང་རྒྱུར་རྒྱལ་སྤྱིའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ནས་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་གནང་ཡོད་པ་དང་། དེ་བཞིན་བྱེས་འཁོད་བཀྲ་ཤིས་ལྷུན་པོ་དགོན་པས་མཆོག་སྤྲུལ་རིན་པོ་ཆེའི་འཁྲུངས་སྐར་ལ་སྤེལ་བའི་གསུང་འཕྲིན་དུ་རྒྱ་ནག་གཞུང་ལ་དགོས་འདུན་དོན་ཚན་བཞི་བཏོན་པ་དེར་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་རྒྱབ་སྐྱོར་ཡོད་ཅེས་སོགས་གསུང་བཤད་གནང་ཡོད།

བྱེས་འཁོད་བཀྲས་ལྷུན་ནས་རྒྱ་ནག་གཞུང་ལ་བཏོན་པའི་དགོས་འདུན་བཞི་ནི། ༡། པཎ་ཆེན་རིན་པོ་ཆེ་སྐུ་འཚོ་བཞུགས་ཡོད་མེད་ཀྱི་གནས་ཚུལ་ཏག་ཏག་འདོན་སྤྲོད་བྱེད་དགོས་པ་དང་། ༢། གལ་སྲིད་འཚོ་བཞུགས་ཡིན་ན། རང་དབང་ཅན་གྱི་ཚོགས་པ་ཁག་མཇལ་ཁ་ཞུ་རུ་འཇུག་དགོས། ༣། བྱ་བྲལ་རིན་པོ་ཆེས་གཙོས་པའི་ཆབ་སྲིད་བཙོན་མ་རྣམས་འཕྲལ་མྱུར་གློད་གྲོལ་གཏོང་དགོས་པ་དང། ༤། ༸གོང་ས་༸སྐྱབས་མགོན་ཆེན་པོར་གཞི་མེད་ཀྱི་མཚན་དམས་ཞུ་བཞིན་པ་མཚམས་འཇོག་དགོས་པ་བཅས་ཡིན། །