ཚོགས་གཙོའི་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད།

 

སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པར་ཆིབས་བསྒྱུར་

བསྐྱངས་པའི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་དཔལ་ལྡན་བཀའ་བློན་རྣམ་པ་དང་། དེ་བཞིན་སྤྱི་

འཐུས་ཚོགས་གཙོ་གཞོན་པས་དབུས་སྤྱི་འཐུས་རྣམ་པ་ཚང་མར། ཟླ་བ་དྲུག་གི་རྗེས་སུ་སྐུ་གཟུགས་གསལ་

ཐང་གིས། ཚོགས་འདུར་བཅར་ཐུབ་པ་དེ་ལ་ཚོགས་གཙོའི་ངོས་ནས་དགའ་བསུ་ཞུ་བ་དང་སྦྲགས་འཚམས་

འདྲི་ཞུ་རྒྱུ་ཡིན།

དེ་རིང་གི་གྲོས་ཚོགས་འདིའི་ནང་གི་ལས་རིམ་དང་འབྲེལ་བའི་ཐོག་ནས། ཚོགས་གཙོས་ཚིག་ཁ་ཤས་ཤིག་

ཞུ་རྒྱུར། འདི་ལོ་ཕྱི་ཟླ་གསུམ་པར་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་

ཚོགས་དུས་ལྔ་པ་ནས།  ད་བར་དུ་བོད་ནང་ལ་ཛ་དྲག་གི་གནས་སྟངས་མུ་མཐུད་ནས་ལྷག་ཡོད་པའི་གནས་

བབ་དེ་བསྐྱར་བཤད་མི་དགོས་པའི་ཐོག་ནས། ཉེ་ཆར་རང་མང་གཙོའི་དུས་དྲན་ཐེངས་ལྔ་བཅུ་ང་གསུམ་པ་

སྲུང་བརྩི་ཞུས་པའི་སྐབས་སུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་ནང་དུ་འཁོད་ཡོད་པའི་

གནད་དོན་དེ་དག རྒྱ་ཆེའི་མང་ཚོགས་ཡོངས་ཀྱི་དགོངས་པར་མངའ་གསལ་རེད། ཡིན་ཡང་ད་ལྟའི་དུས་

སུའང་།བོད་ནང་དུ་རྒྱ་ནག་གིས་སྲིད་བྱུས་འཛིན་བཞིན་པ་དེ། འཛུགས་སྐྲུན་ཁོ་ནས་བོད་མི་ཚོའི་མངོན་

འདོད་སྐོང་ཐུབ་ཀྱི་ཡོད་པ་དང་། འཛུགས་སྐྲུན་དང་ཡར་རྒྱས་ཀྱི་ལས་གཞི་ཁོ་ནས་རྩོད་རྙོག་གང་འདྲ་

ཞིག་ཡིན་ཡང་འདུམ་འགྲིག་ཐུབ་ཀྱི་ཡོད་པར་ངོས་བཟུང་བའི་སྲིད་བྱུས་ཤིག་ལ་བརྟེན་ནས།  བོད་མི་ལ་

ཁེ་ཕན་ལྟ་ཞོག  བོད་མིའི་ངོ་བོ། བོད་པའི་སྐད་ཡིག ཆོས་དང་རིག་གཞུང་། ཁོར་ཡུག་དང་བཅས་པ་རྩ་

བརླག་ཏུ་འགྲོ་ཡི་ཡོད་པ་དང་། བོད་མིའི་མངོན་འདོད་རྩ་བ་ཉིད་ནས་སྐོང་ཐུབ་ཀྱི་མེད་པའི་གནས་

བབ་དང་།  རྒྱ་ནག་སྲིད་གཞུང་གིས་ད་ལྟ་ཡིན་ནའང་དངོས་ཡོད་གནས་སྟངས་ལ་གཞི་བཅོལ་ནས།

བོད་མིའི་དཀའ་རྙོག་བསལ་བར་ཆོད་སེམས་མེད་པའི་རྣམ་པ་དེ་གསལ་པོ་བྱས་ནས་ཐོན་སྡོད་ཀྱི་ཡོད་

རེད། འཛུགས་སྐྲུན་གྱི་ལས་གཞི་མང་ཆེ་བ་ཞིག་རྒྱ་ནག་གཞུང་གི་ཁེ་ཕན་ཁོ་ནའི་ཆེད་དུ་རྩོམ་གྱི་ཡོད་

པར་ངོས་འཛིན་བྱས་ན་ཡང་། མི་འགྲིག་པ་མེད་པར་བསམ་གྱི་ཡོད།

བོད་མིའི་མངོན་འདོད་བསྐང་བའི་ཆེད་དུ། འདས་པའི་ཟླ་བ་ཁ་ཤས་ཀྱི་ནང་དུ་གནས་ཚུལ་ཐོན་པ་དེ་

ཚོར་བལྟས་པ་ཡིན་ན། རྒྱ་ནག་གི་འགོ་ཁྲིད་ཚོའི་ནང་དུ་མཁྲེགས་འཛིན་གྱི་སྲིད་བྱུས་འཛིན་པ་དང་།

བོད་དང་གནས་སྟངས་མཚུངས་པའི་ཡུ་གུར་མི་རིགས་དང་། སོག་པོ་སོགས་ལ་སྲིད་བྱུས་འཛིན་བཞིན་

པ་དེ་དག་མི་འདྲ་བ་དེ་ང་རང་ཚོ་ཚང་མས་མཁྱེན་གྱི་ཡོད་རེད།

གུ་ཡངས་ཀྱི་སྲིད་བྱུས་འཛིན་མཁན་ཚོའི་ནུས་ཤུགས་སྤེལ་དགོས་པ་དེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་

དང་གནོན་ཤུགས། དེ་འདྲའི་ཐོག་ནས་ཤུགས་ཆེ་རུ་གཏོང་དགོས་པ་གནད་འགག་ཆེན་པོ་ཞིག་ཏུ་

མཐོང་གི་ཡོད་རེད། དེ་བོད་མི་དང་གྲངས་ཉུང་མི་རིགས་ཙམ་དུ་མ་ཟད། རྒྱ་ནག་སྤྱི་ལ་ཡང་མ་འོངས་

པར་ཕན་ཐོགས་ཡོང་བའི་རྒྱུ་ཞིག་ཆགས་ཀྱི་རེད་བསམ་གྱི་ཡོད།

དེའི་ཐོག་ནས་དེ་རིང་གྲོས་ཚོགས་འདི་བརྒྱུད་ནས་རྒྱ་ནག་གི་འགོ་ཁྲིད་ཚོར་འབོད་སྐུལ་ཞུ་རྒྱུ་དེ།

བོད་ནང་གི་དངོས་ཡོད་གནས་སྟངས་དང་། བོད་མིའི་མངོན་འདོད་གང་ཡིན་པ་ཇི་བཞིན་རྟོགས་

པའི་ཐོག་ནས། བོད་མིའི་དཀའ་རྙོག་བསལ་དགོས་པའི་དུས་ལ་བབས་འདུག་ཅེས་བསྐྱར་དུ་ནན་

ཏན་གྱིས་ཞུ་འདོད་བྱུང་།

ད་ལོ་ཕྱི་ཟླ་གསུམ་པ་ནས་ད་ལྟའི་གྲོས་ཚོགས་མ་འཚོགས་ཀྱི་བར་དུ། བོད་ནང་དུ་རང་ལུས་མེར་སྲེག་

གཏོང་མཁན་བདུན་བྱུང་བ་རེད། ཕྱི་ཟླ་གསུམ་པའི་གོང་ལ་བརྒྱ་དང་བཅུ་གསུམ་བྱུང་བ་རེད། ཁྱོན་

བསྡོམས་ད་བར་བོད་ནང་དུ་རང་ལུས་མེར་སྲེག་གཏོང་མཁན་བརྒྱ་དང་ཉི་ཤུ་དང་། དེའི་ནང་ནས་

འདས་གྲོངས་སུ་ཕྱིན་པ་བརྒྱ་དང་གཉིས་བྱུང་ཡོད། དེའི་གནས་སྟངས་ལ་བསྟུན་ནས་ད་རེས་གྲོས་

ཚོགས་ཀྱི་ལས་རིམ་ནང་དུ། མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་འཆར་དང་། དེ་བཞིན་བོད་ནང་གི་

ཛ་དྲག་གི་གནས་སྟངས་སྐོར་ལ་བགྲོ་གླེང་བྱ་རྒྱུའི་གདུང་སེམས་མཉམ་སྐྱེད་ཀྱི་གཞུང་འབྲེལ་གྲོས་ཆོད་

གྲོས་འཆར་ཞིག་ཡོང་གི་ཡོད། འདས་པའི་ཟླ་བ་དྲུག་གི་རིང་ལ་བོད་ནང་གི་ཛ་དྲག་གི་གནས་སྟངས་

དང་བསྟུན་ནས། འཛིན་སྐྱོང་བཀའ་ཤག་གི་དཔལ་ལྡན་སྲིད་སྐྱོང་དབུས་པའི་བཀའ་བློན་རྣམ་པ་ཚོས།

བོད་མིའི་སྤྱི་ཚོགས་ཁྲོད་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དུ་ཆབ་སྲིད་ཀྱི་ལས་འགུལ་སྣ་མང་སྤེལ་བར་

བསྔགས་བརྗོད་ཞུ་རྒྱུ་ཡིན།

དེ་དང་ཕྱོགས་མཚུངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཀྱང་། རྒྱ་གར་གྱི་མངའ་སྡེ་སོ་

སོའི་ནང་དུ་ཞུ་གཏུག་གི་ལས་འགུལ་ལྷག་མ་དེ་དག་མུ་མཐུད་སྤེལ་ནས། གྲུབ་འབྲས་ཧ་ལས་པའི་ཡག་

པོ་ཐོན་སོང་བསམ་གྱི་ཡོད། སྤྱི་འཐུས་རྣམ་པ་ཚོས་ཀྱང་དེའི་ཐོག་སྐུ་ངལ་བསྐྱོན་པ་དེ་དག་ལའང་རྗེས་

སུ་ཡི་རངས་དང་བསྔགས་བརྗོད་ཞུ་རྒྱུ་ཡིན།

དེ་བཞིན་སྤྱི་འཐུས་ཀྱི་ངོ་ཚབ་བྱས་ནས། ཚོགས་གཙོ་དང་སྤྱི་འཐུས་གཞན་རྣམས། ཕྱིའི་རྒྱལ་ཁབ་ཁག་ལ་

ཞུ་གཏུག་བྱེད་པའི་གོ་སྐབས་བྱུང་ཡོད་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་

འཁྲུངས་སྐར་དུས་ཆེན་གྱི་ཉིན་མོར། བོད་ནང་དང་ལྷག་པར་དུ་ཁམས་རྟའུ་ཡི་གནས་ཚུལ་དེ་དང་

འབྲེལ་བའི་ཐོག་ནས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་ཚོས་ཐག་གཅོད་གཞིར་བཟུང་གིས།

ཕྱིའི་རྒྱལ་ཁབ་མང་པོ་ཞིག་ལ། སྙན་ཞུ་ཕུལ་བ་དང་། ཕྱིའི་རྒྱལ་ཁབ་མང་པོ་ཞིག་ནས་བོད་ནང་གི་གནས་

སྟངས་ལ་དུས་རྒྱུན་དུ་ཁོ་རང་ཚོས་སེམས་འཚབ་ཡོད་པ་དང་། ཐུགས་ཞིབ་གནང་གི་ཡོད་པ། བོད་དང་

རྒྱལ་ཁབ་སོ་སོའི་དབར་དང་། རྒྱལ་ཁབ་མང་པོ་མཉམ་འབྲེལ་གྱི་ཐོག་ནས། འགྲོ་བ་མིའི་ཐོབ་ཐང་གི་སྐོར་

ལ་བཀའ་མོལ་གནང་བའི་སྐབས་ལ། རྒྱ་ནག་གི་སྤྱི་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ནང་ནས་གཙོ་བོ་

བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཀྱི་ཐོག་ལ་གོ་བསྡུར་གནང་གི་ཡོད་པ་དང་། སེམས་

འཚབ་ཡོད་པའི་རྣམ་འགྱུར་དེ་གསལ་པོར་སྟོན་གྱི་ཡོད་པའི་ལན་གང་འཚམ་ཞིག་བོད་མི་མང་སྤྱི་འཐུས་

ལྷན་ཚོགས་ལ་འབྱོར་བ་རེད། དེ་ཚོར་ཡང་གྲོས་ཚོགས་འདི་བརྒྱུད་ནས། བོད་ནང་གི་གནས་སྟངས་ལ་

སེམས་འཚབ་གནང་མཁན་དང་། བོད་ནང་ལོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དཀའ་རྙོག་སེལ་བའི་

ཆེད་དུ།  རྒྱ་ནག་གཞུང་ལ་ཞུ་སྐུལ་དང་། ཞུ་གཏུག་བྱེད་མཁན་གཞུང་སྒེར་ཚང་མར་སྙིང་ཐག་པ་ནས་

ཐུགས་རྗེ་ཆེ་ཞུ་འདོད་བྱུང་།

 

ད་དུང་ཡིན་ནའང་བོད་ནང་གི་ད་ལྟའི་གནས་ཚུལ་ཛ་དྲག་འདི་ཞི་འཇགས་མ་ཡོང་བར་དུ་དང་། བོད་

དོན་བདེན་མཐའ་མ་གསལ་གྱི་བར་དུ། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་མུ་མཐུད་གལ་ཆེན་པོའི་ཐོག་

ནས། མཛད་འགན་བཞེས་གནང་གི་རེད་ལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཡིན་ནའང་།

ད་དུང་ལས་འགུལ་རབས་དང་རིམ་པ་སྤེལ་རྒྱུའི་བང་བསྒྲིགས་ནས་ཡོད་ཅེས་གྲོས་ཚོགས་འདི་བརྒྱུད་ནས་

ཞུ་འདོད་བྱུང་།

ད་རེས་ཀྱི་ལས་རིམ་ནང་གི་གལ་ཆེ་བ་གཅིག་ནི། སྐབས་ལྔ་པའི་མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་སྙན་ཐོ་

དེ་བསྣམ་ཕེབས་ཀྱི་རེད་ལ། སྙན་ཐོ་དེ་གང་འཚམ་རིང་པོ་ཞིག་ཡོད་རེད། ཐག་བཅད་ཟིན་པའི་གནད་དོན་

རྣམས་ཕུད། ཐག་གཅོད་བྱ་བསྡད་ཀྱི་གནས་སྟངས་དང་།  སྙན་ཐོ་རྒྱ་ཆེའི་མང་ཚོགས་ཀྱིས་མཁྱེན་དགོས་

པས་དེ་རིགས་གྲོས་ཚོགས་ནང་ཆ་ཚང་སྙན་སྒྲོན་ཞུ་རྒྱུའི་ཐག་གཅོད་གནང་ཡོད།

དེ་བཞིན་ད་རེས་ཀྱི་ལས་རིམ་ནང་དུ་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ལས་བསྡོམས་སྙན་ཐོ་དེ་སྙན་

སྒྲོན་ཡོང་གི་རེད་ལ། དེ་སྔ་མང་ཚོགས་རྩིས་ཁྲ་ཚོགས་ཆུང་ཐེངས་བཞི་ཚུགས་ཟིན་པ་རེད། དེ་ལྟར་ཚུགས་

ཟིན་ཀྱང་གྲོས་ཚོགས་ནང་དུ་བགྲོ་གླེང་མཐིལ་ཕྱིན་པ། ང་རང་ཚོ་ཚང་མའི་ཐུགས་བློ་ཁེངས་པའི་གནས་

སྟངས་ཤིག་བྱུང་ཡོད་པ་མ་རེད། ད་རེས་གྲོས་ཚོགས་འདིའི་སྟེང་ནས་གྲོས་ཚོགས་ཀྱི་བཀའ་འཁྲོལ་དང་

སྦྲགས། ཉི་མ་གཅིག་གཉིས་ཤིག་དེའི་ཐོག་ལ་སྤྱི་ཡོངས་ནས་བགྲོ་གླེང་ཡོང་ཐུབ་པའི་འབད་བརྩོན་ཞུ་རྒྱུ་

དང་། དེའི་རྗེས་སུ་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཞིག་གི་ལམ་ནས། གྲོས་ཚོགས་ཀྱི་བཀའ་འཁྲོལ་

བྱུང་བ་ཡིན་ན། འཛིན་སྐྱོང་བཀའ་ཤག་ལ་དེ་དག་མཇུག་སྐྱོང་ལག་བསྟར་ཐུབ་པའི་དུས་ཚོད་ཟླ་བ་བཞི་

ཙམ་ཞིག་ཕུལ། དེའི་རྗེས་སུ་སྤྱི་འཐུས་རྒྱུན་ལས་ཀྱིས་དོན་ཚན་རེ་རེ་བཞིན་ཞིབ་ཏུ་གཟིགས་ནས། གྲོས་

ཚོགས་རྗེས་མའི་ནང་དུ་གནས་ཚུལ་གང་གསལ་པོ་ཆགས་པ་དང་། མ་ཆགས་པ། གཙང་མ་བཟོ་ཐུབ་པ།

བཟོ་མ་ཐུབ་པ་བཅས་སོ་སོའི་གནས་སྟངས་ཤིག་སྙན་གསན་ཞུ་ཐུབ་པ་བྱ་རྒྱུའི་རེ་བ་ཆེན་པོ་རྒྱག་གི་ཡོད།

མང་ཚོགས་རྩིས་ཁྲ་ཚོགས་ཆུང་ཡིན་ནའང་། ཉི་མ་མང་པོ་ཞིག་ལ་ལས་དོན་བསྒྲུབས་ཡོད་རེད། ཞིབ་

ཚགས་པོ་གནང་ནས་དཀའ་ངལ་བརྒྱབས་པ་དེ་ཆུད་ཟོས་སུ་མི་འགྲོ་བ་ང་རང་ཚོའི་གྲོས་ཚོགས་འཐུས་

མི་ཡོངས་ལ་འགན་ཡོད་པས། དེ་ལྟར་ཡོང་རེས་ལས་རིམ་བང་སྒྲིག་སྟངས་དེ་ཡང་དེ་བཞིན་བསྒྲིགས་ཡོད་

ཅེས་སྙན་གསན་ཞུ་རྒྱུ་དང་།

དེ་ནས་སང་ཉིན་ནས་འཛིན་སྐྱོང་བཀའ་ཤག་གི་གསལ་བཤད་ཀྱི་ལས་རིམ་ཡོང་གི་རེད། དེའི་ཐོག་ལ་

བགྲོ་གླེང་དང་། སླར་ཡང་འཛིན་སྐྱོང་གིས་གསལ་བཤད་གནང་རྒྱུའི་ལས་རིམ་བསྒྲིགས་ཡོད།

དེ་ནས་སྤྱི་འཐུས་རྒྱུན་ལས་སྤྱི་མོས་ཀྱིས་ཐག་གཅོད་གནང་བའི་ལས་རིམ་གལ་ཆེ་ཞིག་ཡོད་པ་དེ་ནི།

བར་ལམ་བཀའ་ཤག་གིས་གསོལ་འདེབས་ཞུས་པ་གཞིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་

མཆོག་དབུ་བཞུགས་ཀྱིས་མང་གཙོའི་དུས་ཆེན་གྱི་ཉིན་རྒྱབ། སྡེ་འགན་ཡན་གྱི་གཞུང་ཞབས་རྣམས་

ཀྱི་ལྷན་ཕོ་བྲང་ཚོམས་ཆེན་དུ་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་པའི་སྐབས་སུ། ༸རྒྱལ་བ་རིན་པོ་

ཆེར་དགོངས་གཞི་ག་རེ་ཡོད་པ། དེ་དང་འབྲེལ་བའི་ཐོག་ནས་ཚིག་འགའ་ཞུ་བའི་འདོད་པ་བྱུང་།

ང་རང་ཚོ་ལས་ཀྱི་སྣེ་མོར་གཏོགས་པ་དབུས་དང་། ས་གནས་སུ་འདྲ་ཞིག་ཡིན་ཡང་། ཉེ་ཆར་༸རྒྱལ་

བ་རིན་པོ་ཆེས་བཀའ་གནང་བ་བཞིན། ང་རང་ཚོ་ཚང་མ་མི་མང་གི་ཞབས་ཕྱི་ཞུ་མཁན་མ་གཏོགས།

མི་མང་གི་དཔོན་པོ་ཡིན་བསམ་པའི་ཐོག་ནས་ཕྱག་ལས་གནང་བ་ཡིན་ན། ཚད་དང་ལྡན་པ་ཞིག་

ཡོང་གི་མེད་པའི་གནས་སྟངས་ཤིག་བཀའ་སློབ་གནང་ཡོད་རེད། དེ་དང་འབྲེལ་བའི་ཐོག་ནས་སྤྱི་

ཚོགས་སུ་སྐུ་དྲག་གསར་པ་ཞེས་པའི་ཚིག་བེད་སྤྱོད་དེ་འདྲ་ཡང་ཡོང་གི་ཡོད་པའི་གནས་སྟངས་ཤིག་

ཀྱང་། ༸རྒྱལ་བ་རིན་པོ་ཆེའི་ཐུགས་དགོངས་ལ་ཡོད་པ་ལས་བྱེད་ཚོར་གསུངས་པ་རེད། དེའི་ཐོག་

ནས་ང་རང་ཚོ་མཛད་གཙོ་རྣམ་པ་ནས་མར་བརྩིས་ཏེ། ལས་བྱེད་རྣམ་པ་ཚང་མས་དེ་ལ་ཐུགས་སྣང་

ཆེན་པོའི་ཐོག་ནས། དགོངས་བཞེས་གནང་སྟེ་སོ་སོའི་ཉིན་རེའི་ལས་དོན་བྱེད་ཕྱོགས་དེ་དག་བཟང་

སྤྱོད་དང་མཐུན་པ་དང་། མི་མང་གི་དགོས་མཁོ་དང་འཚམ་པ། མི་མང་ལ་འབྲེལ་བ་བྱེད་པའི་སྐབས་

སུ་རྫིག་པོ་དང་། སོ་སོར་དབང་ཆ་ཡོད་བསམ་ནས་དབང་ཡོད་བྱེད་པ་དེ་འདྲའི་རྣམ་པ་མ་ཡིན་

པའི་ཐོག་ནས། མི་མང་ལ་གུས་བརྩི་དང་ལྡན་པའི་ངང་། ལས་དོན་བསྒྲུབ་དགོས་པ་དེ་ཧ་ཅང་གི་

གལ་ཆེན་པོ་རེད་བསམ་གྱི་ཡོད། དེ་ད་རེས་བསྐྱར་ནན་གྱིས་ཞུ་འདོད་བྱུང་།

དེ་བཞིན་ཁྲིམས་དང་སྒྲིག་གཞི་ཡིན་ནའང་ལག་བསྟར་བྱེད་མི་ཐུབ་པ་དང་། ལག་བསྟར་བྱེད་པར་

དཀའ་ངལ་འཕྲད་ཀྱི་ཡོད་པ་དེའི་རིགས་འགྱུར་བ་གཏོང་དགོས་པའི་བཀའ་གཅིག་ཕེབས་པ་རེད།

དེ་གཞིར་བཟུང་གིས་འདིར་ཞུ་དགོས་པ་དེ། ཁྲིམས་དང་སྒྲིག་གཞི་གཏན་འབེབས་བྱེད་མཁན་བོད་

མི་མང་སྤྱི་འཐུས་ལྷན་ཚོགས་ཆགས་ཡོད་རེད། ཁྲིམས་དང་སྒྲིག་གཞིའི་ནང་ནས་བརྒྱ་ཆ་དགུ་བཅུ་

གོ་ལྔ་ལྷག་ཅིག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་གནང་གི་ཡོད་རེད། ལས་

བྱེད་ཀྱི་ཐོབ་ཐང་དང་། དེ་དང་འབྲེལ་བའི་བླང་དོར་སྒྲིག་གཞི་དེ་ལས་བྱེད་འདེམས་བསྐོ་ལྷན་ཁང་

དང་། འཛིན་སྐྱོང་བཀའ་ཤག་གིས་ཐག་གཅོད་གནང་གི་ཡོད་རེད། དེ་ཚོ་གཞིར་བཞག་གིས་གནད་

དོན་གང་འདྲ་ཞིག་ཡིན་ཡང་། མ་འོངས་པར་འཛིན་སྐྱོང་བཀའ་ཤག་གིས་ཕྱག་བསྟར་གནང་བའི་

སྐབས་ལ། སྐུ་ངལ་འཕྲད་གཞིའི་གནད་དོན་དེ་འདྲ་ཡོད་ན། གྲོས་ཚོགས་སུ་རྒྱུ་མཚན་ཡང་དག་ཅིག་

གསུངས་པའི་ཐོག་ནས། སྒྱུར་བཅོས་གཏོང་བར་སྤྱི་འཐུས་རྣམ་པ་ཚོས་ཏན་ཏན་དགོངས་པ་བཞེས་

ཀྱི་རེད་བསམ་གྱི་ཡོད་ལ། དེ་ང་ཚོའི་ལས་འགན་ཡང་ཆགས་སྡོད་ཀྱི་ཡོད་རེད། དེ་གཅིག་ཞུ་འདོད་

བྱུང་།

དེ་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཀྱི་ལས་རིམ་དང་འབྲེལ་བའི་གནས་ཚུལ་

གཅིག་གི་ཐོག་ནས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་ལན་སྐབས་བཅོ་ལྔ་

པའི་གྲོས་ཚོགས་སུ་བཞུགས་སྡོད་མཁན་གྱི་སྤྱི་འཐུས་ཤིག་གིས་གྲོས་ཚོགས་སུ་གསལ་བཤད་དང་

འབྲེལ་བའི་ཐོག་ནས་བཀའ་སློབ་ཕེབས་པ་རེད་ལ། ཕྱིས་སུ་སྤྱི་འཐུས་དེ་ག་རང་གིས་གསར་འགོད་

གསལ་བསྒྲགས་རིམ་པ་གཉིས་སྤེལ་ཡོད་རེད། དེ་དང་འབྲེལ་བའི་ཐོག་ནས་ད་ལྟའི་བར་དུ་བརྒྱུད་

ལམ་ཁག་གཅིག་ཀྱང་ཚོགས་གཙོ་སྦྲེལ་པོ་དང་། ཚོགས་དྲུང་ལས་ཁུངས་ལ་སྐད་ཆ་འདྲི་མཁན་བྱུང་

མ་སོང་ལ། དེ་བཞིན་ཚོགས་གཙོ་སྦྲེལ་པོས་ཀྱང་དང་དུ་བླངས་ནས་གསར་འགོད་གསལ་བསྒྲགས་

དང་། གསར་འགོད་ལྷན་ཚོགས་སྐོང་དགོས་པའི་གནས་སྟངས་ཤིག་ཀྱང་མཐོང་མ་སོང་།

གྲོས་ཚོགས་ཀྱི་ལས་རིམ་དང་འབྲེལ་བ་ཡོད་པས་ཚོགས་གཙོའི་དབུ་འབྱེད་གཏམ་བཤད་དུ། དངོས་

ཡོད་གནས་ཚུལ་ག་རེ་ཡིན་པ་དེ་གསལ་བཤད་ཅིག་ཞུ་རྒྱུར། ཚོགས་གཙོ་སྦྲེལ་པོ་གོ་བསྡུར་བྱས་ནས་

ཐག་གཅོད་བྱས་ཡོད་པས་འདིར་ཞུས་པ་ཡིན་ན་ཏག་ཏག་ཡོང་ས་རེད་བསམ་ནས་ཞུ་ཡི་ཡོད།

གསར་འགོད་གསལ་བསྒྲགས་དེར་དོན་ཚན་གསུམ་ཡོད་རེད།  ༸རྒྱལ་བ་རིན་པོ་ཆེས་བཀའ་སློབ་

གནང་བའི་སྐབས་སུ། ངོ་བཅར་ཞུས་པའི་ཚོགས་གཙོ་དང་། ཚོགས་གཞོན། ཚོགས་དྲུང་གསུམ་གྱིས་

སྤྱི་འཐུས་རྒྱུན་ལས་ལ་གསལ་བཤད་གནང་བའི་སྐབས་སུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་

པོ་མཆོག་སྔོན་མ་དགུང་ལོ་བརྒྱ་དང་བཅུ་གསུམ་བཞུགས་རྒྱུའི་དགོངས་པ་ཡོད་པ་དང་། ད་ལྟའི་

ཆ་ལ་ཞལ་གསུང་དྲོན་མོས་དགུང་གྲངས་ ༡༠༨ བར་ཉུང་འཕྲི་མཛད་དགོངས་ཕེབས་ཡོད།

རྒྱ་ཆེའི་མང་ཚོགས་ཀྱི་གོ་བ་ལེན་ཕྱོགས་ཀྱི་ཐོག་ནས། ཚོགས་གཙོ་དང་། ཚོགས་གཞོན། དྲུང་ཆེ་བཅས་

ཀྱིས་སྤྱི་འཐུས་བྱེ་བྲག་པ་དེ་༸རྒྱལ་བ་རིན་པོ་ཆེས་བཀའ་གནང་བ་དེ་དང་རྩ་བ་ཉིད་ནས་འབྲེལ་བ་

ཡོད་པ་མ་རེད་ཅེས། ཐག་གཅོད་བྱས་པའི་གནས་སྟངས་ཤིག་ལ་གཟིགས་པ་ཡིན་ན། དེ་ཏག་ཏག་

སྡོད་ཀྱི་ཡོད་པ་མ་རེད་ཅེས་ཞུ་རྒྱུ་ཡིན།

སྤྱི་ཚོགས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། སྡེ་འགན་ཡན་གྱི་ལས་བྱེད་ཚོར་

བཀའ་སློབ་གནང་པ་དེ་དང་འབྲེལ་བའི་ཐོག་ནས། སྐད་ཆ་འདྲ་མིན་སྣ་ཚོགས་ཤིག་འགྲོ་སྡོད་ཀྱི་ཡོད་

རེད། དེའི་སྐོར་དེ་འདྲ་ཞིག་འགྲོ་གི་ཡོད་པའི་ཚོར་བ་དེ་སྤྱི་འཐུས་རྒྱུན་ལས་སུ་ཡང་ཡོང་བ་རེད། ཚོགས་

གཙོ་དང་། ཚོགས་གཞོན། དྲུང་ཆེ་བཅས་ངོ་བཅར་ཞུས་ཡོད་ཀྱང་། དེའི་སྐབས་སུ་བརྙན་འཕྲིན་དང་།

སྒྲ་གཉིས་ཀ་བཅུག་ཡོད་པ་ཚོགས་གཙོས་ཤེས་རྟོགས་མེད། དེའི་སྐབས་སུ་དེ་ལྟར་གསལ་བཤད་བྱེད་

དགོས་ཐུག་གི་རེད་སྙམ་པའི་བསམ་བློ་ཡང་འཁོར་ཡོད་པ་མ་རེད། དེས་ན་བརྗེད་ཐོ་འགོད་པའི་བསམ་

བློ་དེ་ཡང་འཁོར་ཡོད་པ་མ་རེད། ཡིན་ནའང་དེའི་སྐབས་སུ་༸རྒྱལ་བ་རིན་པོ་ཆེས་བཀའ་སློབ་གང་

གནང་བའི་ཚིག་དང་། གོ་རིམ་ཏག་ཏག་སྡོད་མིན་ཡོང་སྲིད་པ་རེད་ཅེས་རྒྱུན་ལས་ལ་ཞུས་ཡོད། ཡིན་

ནའང་་དོན་དག་གི་ཐོག་ནས་ང་ཚོས་གང་དྲན་པ་དེ་རྒྱུན་ལས་ལ་སྙན་གསན་ཞུ་ཡི་ཡིན། ༸རྒྱལ་བ་

རིན་པོ་ཆེས་གསུང་ག་རེ་ཕེབས་པ་དེར་འགྲེལ་བཤད་རྒྱག་པའི་ཐབས་ཤེས་རྩ་བ་ཉིད་ནས་བྱེད་ཀྱི་

མིན་ཞེས་རྒྱུན་ལས་ལ་ཞུས་པ་ཡིན། དེ་འདྲ་ཡིན་པ་སོང་ཙང་འདི་དེ་རེད། འདི་དེ་མ་རེད་དཱ་ཞེས་

དང་བཀའ་གནང་པ་དེ་འདྲ་གནང་སོང་། བཀའ་གནང་པའི་སྐབས་ལ་གནང་སྟངས་དེ་འདྲ་གནང་

སོང་ཞེས་ཞུ་དགོས་པ་ཚང་མ་ང་ཚོས་ཞུས་པ་རེད། དེ་ཡང་རྒྱ་ཆེའི་མང་ཚོགས་ཀྱི་གོ་བ་ཏག་ཏག་

ལོན་ཐུབ་པའི་ཆེད་གསལ་བཤད་ཞུ་གི་ཡོད།

གཉིས་པ་དེ་དོན་ཚན་དང་པོའི་ནང་ལ་གྲོས་ཚོགས་ནང་ངས་དེའི་སྐོར་ལ་སྔ་རྗེས་བཤད་མ་མྱོང་

ཟེར་ནས་གསུངས་པ་དེ་རེད། ཚིག་རང་གི་ཐོག་ནས་དེ་དང་གྲོས་ཚོགས་ནང་ངག་ཐོག་ནས་གསལ་

བཤད་གནང་བ་དེའི་སྔ་རྗེས་ཚང་མ་ཡོངས་སུ་རྫོགས་པར་ཐད་ཀར་བལྟས་པ་ཡིན་ན་མིན་པ་འདྲ་

བོ་ཞིག་ཡོད་རེད་དེ། ལོ་བཞི་བཅུ་ལྷག་སྔོན་གྱི་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་

གསུང་རྩོམ་དང་། དེའི་སྐབས་སུ་གསུངས་བཞག་པ་དེ་ཚོ་ད་ལྟའི་དུས་སུའང་གྲོས་ཚོགས་ནང་ལ་

གླེང་ནས། སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞིའི་དགོས་རྒྱུ་དེ་རང་

བཙན་ཡིན་པ་དང་། ཛ་དྲག་དང་གནས་སྟངས་གཞན་དབང་གིས་དབུ་མའི་ལམ་ལ་ཕེབས་ཀྱི་ཡོད་

པའི་འགྲེལ་བརྗོད་དེ་འདྲ་བརྒྱབ་ཡོང་དུས། ཤུགས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་

མཆོག་གི་དགོངས་གཞི་དེ་ད་ལྟ་ཡིན་ནའང་རང་བཙན་རེད་ཅེས་པའི་གོ་བ་ཞིག་རང་བཞིན་གྱིས་

ཐེབས་འགྲོ་ཡི་ཡོད་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་རེད། དེའི་སྐབས་སུ་གྲོས་ཚོགས་ནང་ལ་

ཚོགས་གཙོས་ཐག་གཅོད་བྱེད་པའི་སྐབས་སུའང་གོ་བ་དེ་འདྲ་བླངས་པའི་ཐོག་ནས་ཐག་གཅོད་

ཞུས་པ་ཡིན། འཛིན་སྐྱོང་བཀའ་ཤག་ངོས་ནས་གསལ་བཤད་གནང་བའི་སྐབས་སུའང་། གོ་བ་དེ་

ག་རང་བླངས་པའི་ཐོག་ནས་གསལ་བཤད་གནང་པ་རེད། དེའི་རྗེས་སུ་དགའ་ལྡན་ཕོ་བྲང་གིས་

གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་སྐབས་སུའང་གོ་བ་དེ་འདྲ་ཅིག་གི་ཐོག་ནས་སྤེལ་བ་

རེད་ཅེས་ཞུ་རྒྱུ་ཡིན།

སྤྱི་འཐུས་སྐུ་སྒེར་གྱི་ཐོག་ནས་འགྲེལ་བཤད་ཡོད་རེད། ཡོད་པ་གཞིར་བཟུང་གིས་གསར་འགོད་

གསལ་བསྒྲགས་ནང་ལའང་བཀོད་གནང་ཡོད་རེད། དེ་དང་འབྲེལ་བའི་ཐོག་ནས་གལ་སྲིད་ངས་

དེ་འདྲ་ཞིག་བཤད་ཡོད་པ་ཡིན་ན་དེའི་སྐབས་ཀྱི་སྤྱི་འཐུས་རྣམ་པ་ཚོས་གང་ཡང་གསུངས་ཡོད་

མ་རེད། མི་མང་གི་ངོས་ནས་ཀྱང་བསམ་ཚུལ་སྣེ་གཅིག་འབྱོར་མ་སོང་། འཛིན་སྐྱོང་བཀའ་ཤག་

གིས་གང་ཡང་གསུངས་ཡོད་མ་རེད་ཟེར་བ་དེ།  འཛིན་སྐྱོང་བཀའ་ཤག་གི་གསལ་བཤད་དེ་ཚོགས་

གཙོས་ཚབ་བྱས་དེ་ཞུ་དགོས་དོན་གང་ཡང་མི་འདུག། འཛིན་སྐྱོང་བཀའ་ཤག་འདིར་ཚོགས་ཁང་

ནང་བཞུགས་ཡོད་རེད། ལས་རིམ་དང་འབྲེལ་བའི་ཐོག་ནས་འཛིན་སྐྱོང་བཀའ་ཤག་གིས་གསལ་

བཤད་གནང་མདོག་ཁ་པོ་རེད།  བཀུར་འོས་སྤྱི་འཐུས་གསལ་བཤད་གནང་མཁན་ཁོ་རང་ཚོགས་

གཙོ་ཟུར་པ་ཞིག་ཀྱང་རེད། གྲོས་ཚོགས་ལས་རིམ་དང་གྲོས་ཚོགས་སྟངས་འཛིན་གནང་མྱོང་བའི་

བཀུར་འོས་སྤྱི་འཐུས་ཤིག་ཀྱང་རེད། གྲོས་ཚོགས་ཀྱི་ལས་རིམ་གྱི་འགྲོ་སྟངས་ཡོངས་རྫོགས་མཁྱེན་

གྱི་ཡོད་རེད།  དེའི་སྐབས་ཐག་གཅོད་བྱེད་སྐབས་ཚོགས་གཙོས་གསལ་པོ་ཞུས་ཡོད།  ལས་རིམ་

ཚོགས་ཆུང་དང་ཚོགས་གཙོ་སྦྲེལ་པོ་གོ་བསྡུར་ཞུས་ནས་གནད་དོན་དེའི་སྒང་ལ་གྲོས་ཚོགས་ནང་

དུ་དགག་དགོས་ཀྱི་དབང་གིས་བགྲོ་གླེང་མི་དགོས་པ་ཐག་གཅོད་བྱས་པ་ཡིན་ཞེས་གསལ་པོ་

ཞུས་ཡོད། ཐག་གཅོད་དེའི་དབང་གིས་སྤྱི་འཐུས་རྣམ་པ་ཚོས་གྲོས་ཚོགས་ནང་མ་གསུངས་པ་མ་

གཏོགས་གསུང་འདོད་མེད་པ་མ་རེད་ཅེས་དེ་རིང་གྲོས་ཚོགས་འདི་བརྒྱུད་ནས་གསལ་བཤད་བྱེད་

རྒྱུའི་འདོད་པ་བྱུང་། མང་ཚོགས་ཀྱི་ནང་ནས་བསམ་ཚུལ་སྣེ་གཅིག་བྱུང་མ་སོང་གསུངས་པ་དེ་ཡང་

བདེན་པ་མ་རེད། བསམ་ཚུལ་སྣེ་གཅིག་ཟེར་བ་དེ་བདེན་པ་མ་རེད། བསམ་ཚུལ་འགའ་ཤས་ཤིག་

བྱུང་བ་རེད། འདི་ལ་སྤྱི་འཐུས་རྒྱུན་ལས་ཀྱིས་ཐག་གཅོད་གནང་ནས་བཀའ་ལན་ཡང་ཕུལ་ཡོད་རེད།

འབྲེལ་ཡོད་ཚོ་ལའང་ལན་བཏང་ཡོད་རེད། གྲོས་ཚོགས་ཀྱི་ནང་ལ་ཚོགས་གཙོས་ཐག་གཅོད་གནང་

ཟིན་པ་རེད་ཅེས་འབྲེལ་ཡོད་ཚོ་ལ་ལན་བཏང་ཡོད།

ཡིན་ནའང་དོན་ཚན་དང་པོའི་གོ་བའི་ཐོག་ནས། ཕལ་ཆེར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་

མཆོག་གིས་གནས་ཚུལ་ཆ་ཚང་ཞིག་དགོངས་པ་ལ་ཨེ་ཡོད་བསམ་པའི་བསམ་ཚུལ་ཞིག་སླེབས་བསྡད་

ཀྱི་འདུག དེ་དགའ་ལྡན་ཕོ་བྲང་ནས་གསར་འགོད་གསལ་བསྒྲགས་ཕེབས་ཡོང་དུས་གནད་དོན་གང་

འདྲ་ཞིག་ཡིན་པ་ཡིན་ནའང་ཞིབ་ཚགས་པོའི་ཐོག་ནས་གཟིགས་ཏེ་གནང་གི་ཡོད་པ་ཚོགས་གཙོས་

ངོས་འཛིན་ཞུ་གི་ཡོད།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནད་དོན་དེའི་སྐོར་ལ་

མེ་ཌེ་སོན་དུ་ Madison སློབ་ཕྲུག་ཅིག་གིས་བཅར་འདྲི་ཞུས་པའི་སྐབས་ལ་བཀའ་ལན་གནང་བ་

དང་། ཉེ་ཆར་ལས་བྱེད་བཞུགས་མོལ་ཚོགས་འདུའི་སྐབས་ལ་བཀའ་སློབ་ཕེབས་པ་དེ་དག་ཀྱང་སྤྱི་

ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་ཚུལ་ཆ་ཚང་མཁྱེན་པའི་ཐོག་ནས་བཀའ་

གནང་གི་ཡོད་པ་ཞིག་ལ་ཚོགས་གཙོས་ངོས་འཛིན་ཞུ་ཡི་ཡོད།

དེར་བརྟེན་གནད་དོན་འདིའི་ཐོག་ལ་གསལ་བཤད་ཞུས་པའི་ཐོག་ནས། ད་ལྟ་ཚོགས་གཙོས་ཤེས་

རྟོགས་ཡོད་པ་ལ་བཀུར་འོས་སྤྱི་འཐུས་རང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་

ལ་མཚན་འཁོད་སྙན་ཞུ་འབུལ་རྒྱུ་ཡིན་ཞེས། ཁས་ཉིན་གསུངས་པ་ལྟར་ཕུལ་ཡོད་ཤག་དང་། དེ་

བཞིན་དོན་ཚན་གསུམ་པའི་ནང་འཁོད་པ་ལྟར་སྔར་འགྱོད་ཕྱི་བཤགས་ཀྱི་དགོངས་སེལ་གྱི་སྟེང་

ལ། འདས་པའི་གནས་ཚུལ་དེ་ལ་གླེང་སློང་བྱས་པ་དག་ཕྱིར་འཐེན་དང་། མ་འོངས་པར་དེའི་ཐོག་

ལ་གླེང་སློང་མི་བྱེད་པའི་དམ་བཅའ་བརྟན་པོ་བཟུང་ཡོད་རེད།

རྩ་བའི་སྤྱི་ཚོགས་ནང་ལ་དུས་ནས་དུས་སུ་གསལ་པོ་མ་ཆགས་པ་དང་གནས་ཚུལ་ཆེ་གྲས་དེ་ཚོ་སྤྱི་

ཚོགས་ནང་ལ་ཡང་ཡང་ཡོང་སྡོད་ཀྱི་ཡོད་རེད། དེ་ཚོ་སྤྱི་ཚོགས་ནང་ལ་ཟང་ཟིང་བཟོ་བའི་ཆེད་དུ་

མ་རེད། དེ་འདྲ་སོང་ཙང་གནད་དོན་དེ་ཚོ་ད་རེས་གྲོས་ཚོགས་འདིའི་ཐོག་ནས་གསལ་པོ་དང་

གཙང་མ་ཞིག་ཆགས་ཐུབ་པར་ཚོགས་གཙོ་གཉིས་ནས་རེ་བ་ཞུ་ཡི་ཡོད་ཞུ་རྒྱུ་ཞིག་དང། དེ་དང་

མཉམ་དུ་དེ་སྔོན་གྱི་གྲོས་ཚོགས་ལས་རིམ་དེའི་ནང་ལ་གནས་ཚུལ་བྱུང་བའི་རྐྱེན་བྱས་ནས། སྤྱི་

ཚོགས་ནང་ལ་སྐད་ཆ་མང་པོ་ཞིག་འཕྲོས་བསྡད་ཡོད་པ་དང། དེ་ནས་ང་ཚོ་གྲོས་ཚོགས་འཐུས་མི་

ཚང་མས་བསླབ་བྱ་ལེན་དགོས་པ་ཞིག་ལ། གྲོས་ཚོགས་སུ་བཀའ་མོལ་གནང་བའི་སྐབས་དང། ལྷག་

པར་ཏུ་གནད་དོན་གལ་ཆེན་པོ་དེ་ཚོའི་ཐོག་ལ་གསུང་བབ་དེ་ཞིབ་ཚགས་པོ་དང་དགོངས་བཞེས་

གནང་ནས་གསུང་དགོས་ཀྱི་འདུག་མ་གཏོགས། གསུང་བབ་དེ་ཚོ་ཚོར་བ་རང་གི་ཤུགས་ཀྱིས་ཧོལ་

རྒྱུགས་གནང་པ་ཡིན་ན་ང་ཚོའི་ཁ་གཏད་ཀྱི་ལག་ཆར་འགྲོ་བའི་རྒྱུ་ཞིག་ཆགས་ཀྱི་ཡོད་པར་བརྟེན།

ད་རེས་གྲོས་ཚོགས་འདིའི་ནང་ལ་ཡིན་ནའང་བཀུར་འོས་སྤྱི་འཐུས་རྣམ་པ་དང་། བཀའ་བློན་རྣམ་

པ་ཚོས་གྲོས་ཚོགས་ནང་ལ་ཆ་ཤས་ལེན་པའི་སྐབས་དེའི་ཐོག་ལ་ཐུགས་གཟབ་གནང་རོགས་ཞེས་

འབོད་སྐུལ་ཞུ་རྒྱུ་ཡིན།

གལ་ཆེ་ཤོས་ཞིག་ལ། ད་རེས་ཐེངས་དང་པོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས།

མི་འགའ་ཤས་ཞིག་གིས་བསམ་བློ་རྒྱ་ཆེན་པོ་གཏོང་མ་ཐུབ་པར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་

ཆེན་པོ་མཆོག་གིས་བོད་གཞུང་བསྡུ་གསོག་བརྒྱབ་པ་རེད་ཅེས་སྤྱི་ཚོགས་ནང་ལ་གླེང་སློང་བཟོས་

པའི་རྒྱུ་མཚན་ལ་བརྟེན་ནས་༸རྒྱལ་བ་རིན་པོ་ཆེ་ཐུགས་ཕམ་བྱུང་བའི་བཀའ་ཕེབས་ཡོད་རེད། དེ་

དང་འབྲེལ་ནས་སྔོན་མ་ཡིན་ན་ལོ་ ༡༡༣ བསྡད་དགོས་བསམ་གྱི་ཡོད་ཀྱང་། ད་ལྟའི་ཆར་ང་ལ་ཡིད་

ཆེས་མེད་པ་ཡིན་ན་ལོ་ ༡༠༨ ཙམ་མིན་ནམ་ཞེས་བཀའ་གནང་པ་འདི་ཐོག་མ་ཆགས་ཀྱི་ཡོད་རེད།

རྩ་བའི་འདིའི་བྱུང་རབས་ཆ་ཚང་འདས་པའི་གནས་སྟངས་ལ་བརྟེན་ནས་བཀའ་གནང་བ་ཞིག་མ་

གཏོགས། ཉེ་ཆར་རང་ལ་གནས་ཚུལ་ཛ་དྲག་པ་དེ་འདྲ་བྱུང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་

ཆེན་པོ་མཆོག་ཐུགས་ཕམ་བྱུང་བའི་གནས་ཚུལ་དེ་འདྲ་མ་རེད། དེར་བརྟེན་ད་རེས་གྲོས་ཚོགས་

འདིའི་ནང་ལ་རྒྱུན་ལས་སྤྱི་མོས་ཀྱིས་ཐག་བཅད་ནས། གཞུང་འབྲེལ་གྱི་གྲོས་ཆོད་གྲོས་འཆར་ཞིག་

ཀྱང་ཡོད་ལ། དེའི་ནང་དོན་རྣམས་ལས་རིམ་དང་འབྲེལ་བའི་སྒོ་ནས་གསལ་པོ་ཆགས་ཡོང་གི་རེད།

ཡིག་ཆ་དེ་ང་ཚོའི་ངོས་ནས་གལ་ཆེན་པོ་ཞིག་བརྩི་བཞིན་ཡོད་ཞུ་རྒྱུ་དང།

དུས་རྒྱུན་ལྟར་ཕྱི་ཟླ་གསུམ་པའི་གྲོས་ཚོགས་དེ་སྔོན་རྩིས་དང་། དགུ་པའི་གྲོས་ཚོགས་དེ་ལས་བསྡོམས་

ཀྱི་གྲོས་ཚོགས་ཞིག་ཏུ་བརྩི་བཞིན་ཡོད་རེད། ད་རེས་གྲོས་ཚོགས་འདིའི་ནང་ལ་འདས་པའི་རྩིས་ལོ་

༢༠༡༢༌༌༌༢༠༡༣ ནང་ལ་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་འབྲེལ་ཡོད་ལྷན་ཁང་སོ་སོས་ལས་དོན་

གང་བསྒྲུབས་ཡོད་མེད་ཀྱི་སྙན་ཐོའི་ཐོག་ལ་གོ་བསྡུར་ཞུ་རྒྱུ་དང་དྲི་བ་གཏོང་རྒྱུ། བསམ་ཚུལ་འབུལ་

རྒྱུའི་ཐོག་ལ་དུས་ཚོད་མང་ཙམ་གཏོང་དགོས་ཀྱི་ཡོད་རེད། སྔ་མོ་ཡིན་ན་འཛིན་སྐྱོང་བཀའ་ཤག་གི་

ལས་བསྡོམས་དེ། ཉིན་གཅིག་གི་རིང་ལ་ཆ་ཚང་མུ་མཐུད་ནས་སྙན་སྒྲོན་གནང་གི་ཡོད་རེད། དེའི་རྗེས་

ལ་སྤྱི་འཐུས་རྣམ་པ་ཚོས་ཉི་མ་གཉིས་གསུམ་རིང་ལ་གོ་བསྔུར་སྦྱངས་བཤད་དང་། དྲི་བ་གཏོང་དགོས་

པ་དེའི་རིགས་གནང་ནས། མཐའ་མ་འཛིན་སྐྱོང་བཀའ་ཤག་གིས་ལས་ཁུངས་གོ་རིམ་བྱས་ནས་གསལ་

བཤད་གནང་གི་ཡོད་རེད། དེ་ལ་ལས་རིམ་བང་སྒྲིག་སྟངས་དེ་འགྱུར་བ་ཕྲན་བུ་བཏང་བའི་ཐོག་ནས།

ད་རེས་གྲོས་ཚོགས་དེ་ལས་ཁུངས་གོ་རིམ་བཞིན་བྱས་ནས་འགྲོ་རྒྱུ་དེ་སྔོན་མ་ནང་བཞིན་རེད། ཡིན་

ནའང་ལས་ཁུངས་གཅིག་གིས་ལས་བསྡོམས་སྙིང་བསྡུས་དེ་སྙན་སྒྲོན་ཞུས་ཟིན་པ་དང་། ལས་བསྡོམས་

རྒྱས་པ་དེར་སྤྱི་འཐུས་རྒྱུན་ལས་ཀྱི་སྡེ་ཚན་སོ་སོས་གཟིགས་ཞིབ་གནང་བར་སྤྱི་འཐུས་རྒྱུན་ལས་ནས་

བཀའ་བསྡུར་གྱིས་དྲི་བ་སོགས་གཏན་འབེབས་གནང་ཚར་བའི་དྲི་བ་དང་བསམ་ཚུལ་ཡོད་པ་དེ་དག་

གི་སྙན་ཐོ་དེ་སྙན་སྒྲོན་ཞུས། དེ་ནས་བགྲོ་གླེང་དགོས་པའི་གྲོས་འཆར་བཏང་ནས། ལས་ཁུངས་དེ་ག་

རང་གི་ཐོག་ལ་སྐབས་ཐོག་དུས་ཐོག་གི་དྲི་བ་དང་། ལན་རྒྱག་རྒྱུའི་གོ་སྐབས་འབུལ་གྱི་ཡིན། སྤྱི་འཐུས་

རྒྱུན་ལས་ཀྱིས་གཟིགས་ཞིབ་གནང་ནས། དྲི་བ་ཁག་འདི་དག་སྔོན་ཚུད་ནས་ལས་ཁུངས་སོ་སོར་ལན་

གྲ་སྒྲིག་གནང་རྒྱུའི་ཆེད་དུ་ག་ཚོད་ཐུབ་ཐུབ་ཀྱིས་ཉིན་ཁ་ཤས་སྔོན་ནས་ཕུལ་རྒྱུའི་ཐབས་ཤེས་བྱས་

ཡོད། ལྷན་ཁང་སོ་སོས་ལན་གྲ་སྒྲིག་བྱ་རྒྱུར་ཁྱད་པར་ཡོང་གི་རེད་བསམ་གྱི་འདུག

གྲོས་ཚོགས་ཀྱི་ར་བ་འདི་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་མང་ཚོགས་ལ་གསལ་བཤད་ཞུ་རྒྱུའི་གོ་

སྐབས་ཡག་ཤོས་ཤིག་ལ་ངོས་འཛིན་ཞུ་ཡི་ཡོད།

གསལ་བཤད་ལན་འདེབས། འགན་ཁུར། རྩིས་རྒྱག་རྒྱུ། དེ་འདྲའི་ལས་རིམ་གལ་ཆེ་ཤོས་ཤིག་ཆགས་ཀྱི་

ཡོད་རེད། གྲོས་ཚོགས་འདི་བརྒྱུད་ནས་བོད་ཕྱི་ནང་གི་བོད་མི་ཚོར། ཁོང་རྣམ་པ་ཚོར་ཐུགས་དོགས་

ཡོད་པ་དེ་དག་གསལ་པོ་བཟོ་ཐུབ་རྒྱུའི་ལས་རིམ་གལ་ཆེན་པོ་ཞིག་ཆགས་ཡོད་རེད། དེ་རིང་གི་ལས་

རིམ་འདི་ལས་རིམ་གྱི་འགྲོ་སྟངས་ཕྲན་བུ་འགྱུར་བ་བཏང་བའི་ཐོག་ནས་བོད་ཕྱི་ནང་གི་བོད་མི་ཚོས་

གྲོས་ཚོགས་ལས་རིམ་ལ་ཐུགས་སྣང་གནང་མཁན་ཚོར་དྲི་བ་ག་རེ་བཏང་སོང་། ལན་ག་རེ་བརྒྱབས་སོང།

དེ་དག་གསལ་པོ་ཆགས་རྒྱུའི་རེ་བ་ཞུས་པའི་ཐོག་ནས་འགྱུར་བ་དེ་བཏང་བ་རེད། ལས་བྱེད་རྣམ་པ་ཚོ་

ཡིན་ནའང་འབྲེལ་ཡོད་ལྷན་ཁང་སོ་སོ་གོ་བསྡུར་གནང་བའི་སྐབས། གཅིག་ནས་འཛིན་སྐྱོང་བཀའ་ཤག་

གི་བཀོད་ཁྱབ་ཀྱང་ལྷན་ཁང་སོ་སོར་བཏང་ཡོད་རེད། འབྲེལ་ཡོད་ལས་བྱེད་ཚོའང་གྲོས་ཚོགས་ཀྱི་ཚོགས་

ཁང་ནང་ཕེབས་ནས་སྐབས་དོན་སོ་སོར་བཀའ་བློན་རྣམ་པ་ཚོར་ཕྱག་རོགས་གནང་དགོས་པ། དེ་དག་

གནང་ཐུབ་པ་ཡིན་ན་ཚང་མར་དགེ་མཚན་ཡོང་གི་རེད་བསམ་གྱི་འདུག དོན་དག་གཙོ་བོ་དེ་སྤྱི་ཚོགས་

ནང་སྐད་ཆ་གང་འདྲ་ཞིག་ཡོད་པ་ཡིན་ནའང་དེ་དག་མང་ཚོགས་ལ་གསལ་པོ་ཞིག་བཟོ་ཐུབ་རྒྱུའི་

དགོས་དམིགས་དེ་རེད། འདི་ཡིན་པའི་ཐོག་ནས་ཚང་མས་ཐུགས་འགན་བཞེས་གནང་རོགས་ཞེས་ཞུ་

རྒྱུ་གཅིག་ཡིན། དེ་མ་ཡིན་པའི་དྲི་བ་དྲིས་ལན་གྱི་དུས་ཚོད་ཡོད་རེད། ཐུགས་སྣང་གཞེན་སྐུལ་གྱི་དུས་

ཚོད་ཡོད་རེད། བཅའ་ཁྲིམས་དང་སྒྲིག་གཞི་ཁག་བསྐྱར་བཅོས་ཀྱི་ལས་རིམ་ཡོང་གི་རེད། ཁྲིམས་དཔོན་

གཞན་གཅིག་བསྐོ་གཞག་གནང་རྒྱུའི་ལས་རིམ། སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ལ་སོགས་པའི་

དུས་རྒྱུན་ནས་ང་ཚོ་གྲོས་ཚོགས་ནང་ལས་རིམ་ཡོང་བཞིན་པ་དག་ཡོང་གི་རེད་ཅེས་ཞུ་རྒྱུ་གཅིག་དང་།

དེ་རིང་གི་གོ་སྐབས་འདི་བཟུང་བའི་ཐོག་ནས། བར་ལམ་སྤྱི་ཚོགས་ནང་ལྐོག་ཟ་རུལ་སུངས་ཀྱི་གནས་

ཚུལ་ཁག་ཅིག་ཐོན་པ་རེད། གནས་ཚུལ་མཁྱེན་མཁན་ཚོས་གཟིགས་པ་ཡིན་ན་ལྐོག་ཟ་རུལ་སུངས་ཀྱི་

གནས་ཚུལ་དེ་དག་དུས་མི་འདྲ་བ་མི་འདྲ་བའི་ཐོག་བྱུང་ཡོད་རེད། ཡིན་ནའང་གནས་ཚུལ་ཕྱིར་ཐོན་

པའི་སྐབས་དུས་ཚོད་གཅིག་གི་ནང་གནས་ཚུལ་མང་པོ་ཞིག་མཉམ་དུ་ཐོན་ཡོང་སྐབས་བོད་མིའི་སྒྲིག་

འཛུགས་ཀྱི་ཁྱབ་འོག་ལ་ལྐོག་ཟ་རུལ་སུངས་ཀྱི་གནས་སྟངས་ཤུགས་ཆེན་པོ་ཞིག་མེད་འགྲོ་བསམ་ནས།

མང་ཚོགས་ནང་དུ་བསམ་ཚུལ་ཤུགས་ཆེན་པོ་ཞིག་ཡོང་གི་ཡོད་པ་དེ་ང་རང་ཚོ་ཚང་མས་མཁྱེན་གྱི་

ཡོད་རེད། དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་འཛིན་སྐྱོང་བཀའ་ཤག་དང་། ལྷག་པར་དུ་འབྲེལ་ཡོད་

ནང་སྲིད་བཀའ་བློན་ལ་དྲི་བའང་ཡོད་རེད། དེའི་སྐབས་ལ་གསལ་བཤད་ཏན་ཏན་ཡོང་གི་རེད། དེའི་

ཐོག་ལ་རྒྱས་པོ་ཞུ་མི་དགོས་པའི་ཐོག་ནས་གལ་ཆེ་ཤོས་དེ་ང་རང་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་ཐད་

ཀར་སྟངས་འཛིན་འོག་ཏུ་ཡོད་མེད་ལ་མ་ལྟོས་པའི་རྩིས་ཞིབ་དེ་དག་དུས་ཐོག་ལ་བྱེད་ཐུབ་ཀྱི་ཡོད་

རེད་དམ་མ་རེད། དེས་ཁྱད་པར་ཤུགས་ཆེན་པོ་ཞིག་བཟོ་ཡི་ཡོད་པ་དེ་ཕལ་ཆེར་ཚང་མས་མཁྱེན་གྱི་

ཡོད་རེད་བསམ་གྱི་ཡོད། དེ་ཡིན་དུས་སྤྱི་པ་ལ་བདག་པའི་དངུལ་ཞིག་གཞུང་གི་ཐད་ཀར་བདག་

འཛིན་འོག་ལ་ཡོད་རུང་མེད་རུང་། དེ་ལ་རྩིས་ཞིབ་བྱེད་ཐུབ་དགོས་པ་དང་། ས་གནས་ལ་ཡིན་པ་ཡིན་

ནའང་རེད། དབུས་ལ་ཡིན་པ་ཡིན་ནའང་རེད། འགན་ཁུར་ཐུབ་པ་བྱེད་དགོས་པ་དེ་གལ་ཆེན་པོ་ཞེ་

དྲགས་ཆགས་ཀྱི་འདུག མ་འོངས་པར་དེ་རིགས་མི་ཡོང་བ་ལ་ཁྱད་པར་ཞིག་ཏན་ཏན་ཡོང་ས་རེད་

ཅེས་པའི་བསམ་ཚུལ་གཅིག་ཞུ་རྒྱུ་དང་།

ལྷག་པར་དུ་ང་རང་ཚོ་བོད་པ་རྣམས་ནང་པ་སངས་རྒྱས་པ་ཡིན་ཟེར་གྱི་ཡོད་རེད། དེས་ན་སྤྱི་པའི་

ལས་དོན་སྒྲུབ་པའི་སྐབས་སུ་རང་དོན་ལས་ལྷག་པའི་སྤྱི་པའི་དངུལ་ཟ་རྒྱུའི་བསམ་བློ་དེ་ཚོ་དོར་ནས།

བཟང་སྤྱོད་ཀྱི་ལམ་ལ་འགྲོ་ཐུབ་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་དང་། ང་རང་ཚོས་སྒྲིག་འཛུགས་

འདི་རྣམས་མ་འོངས་པར་བརྟན་པོར་གནས་དང་མི་གནས་དེ། ས་གནས་ཀྱི་སྒྲིག་འཛུགས་ལ་རག་

ལས་ཀྱི་ཡོད་རེད། དེ་ཡིན་པ་སོང་ཙང་། འབྲེལ་ཡོད་འཛིན་སྐྱོང་བཀའ་ཤག་ལ་ཞུས་མྱོང་ལ། དེ་རིང་

གྲོས་ཚོགས་འདི་བརྒྱུད་ནས། ད་ལྟའི་ང་ཚོའི་སྤྱི་ཚོགས་ནང་ལ་འཕོ་འགྱུར་ཤུགས་ཆེན་པོ་འགྲོ་

བཞིན་པའི་དུས་སྐབས་འདི་ལ། རྒྱ་བལ་འབྲུག་གསུམ་ནང་ལ་ཡོད་པའི་བོད་མི་འདུས་སྡོད་ཁུལ་གྱི་

ས་གནས་ཁག་གི་སྒྲིག་འཛུགས་ཀྱི་འགྲོ་སྟངས། ས་གནས་ཀྱི་སྒྲིག་འཛུགས་འོག་གི་འབྲེལ་ལམ། འགན་

ཁུར་སྟངས། དེ་རྣམས་ཚགས་ཚུད་དུ་གཏོང་དགོས་པ་དང་། ད་ལྟའི་དངོས་ཡོད་གནས་སྟངས་ལ་བོད་

མི་མང་པོ་ཞིག་ཕྱིའི་ཡར་ཐོན་ཅན་གྱི་རྒྱལ་ཁབ་མང་པོ་ཞིག་གི་ནང་ལ་གནས་སྤོ་བྱེད་ཀྱི་ཡོད་རེད། དེ་

འགོག་ཐུབ་ཀྱི་མ་རེད་ལ། འགོག་དགོས་པ་ཞིག་ཏུ་ཡང་གཟིགས་ཀྱི་ཡོད་མ་རེད། གཞུང་འབྲེལ་གྱི་ལས་

འཆར་རང་གི་ཐོག་ནས་ཀྱང་གཏོང་གི་ཡོད་རེད། དེ་འདྲའི་དངོས་ཡོད་གནས་སྟངས་ལ་གཞི་བཅོལ་

ནས། མ་འོངས་པར་ཕྱིའི་རྒྱལ་ཁབ་ནང་ལ་བོད་མི་མང་དུ་འགྲོ་རྒྱུ་ཡིན་པ་དང་། བོད་མི་རིགས་འདི་

རྣམས་དང་བོད་མིའི་སྒྲིག་འཛུགས་བར་ལ་འབྲེལ་ལམ་དམ་གཟབ་དགོས་པའི་གནས་སྟངས་དེ་གལ་

ཆེན་པོ་ཆགས་ཀྱི་ཡོད་པ་སོང་ཙང་། བོད་རིགས་ཚོགས་པ་དང་བོད་རིགས་སྤྱི་མཐུན་ཚོགས་པ་ཚོའི་

འགྲོ་སྟངས་དེ་དག་ལ་ཞིབ་འཇུག་ཆེད་དུ་བོད་མི་མང་སྤྱི་ལྷན་གྲོས་ཚོགས་ཚོགས་དུས་ལྔ་པའི་ཐོག་

ལ་གྲོས་ཆོད་ཅིག་ཀྱང་བཞག་ནས། ཚོགས་ཆུང་ཞིག་ཀྱང་བཙུགས་ཡོད་རེད།

དེ་བཞིན་འབྲེལ་ཡོད་ལྷན་ཁང་སོ་སོ་ཡིན་པ་ཡིན་ནའང་། འཕྲོད་བསྟེན་དང་། ནང་སྲིད། ཕྱི་དྲིལ་གང་

ཡིན་རུང་སོ་སོའི་ལས་དོན་ཙམ་མ་ཡིན་པར་རྒྱ་ཆེ་ས་ནས་དཀའ་ངལ་དེ་འདྲ་ཞིག་འཕྲད་ས་རེད། དེ་ལ་

གདོང་ལེན་དེ་འདྲ་ཞིག་ད་ལྟ་ནས་བྱེད་དགོས་ཀྱིན་འདུག གྲ་སྒྲིག་འདི་འདྲ་ཞིག་བྱེད་དགོས་ཀྱི་འདུག་

ཟེར་བ་དེ། སོ་སོའི་ས་མཚམས་ཙམ་མ་ཡིན་པར་ལས་དོན་བྱེད་རྒྱུ་དེ་སོ་སོའི་སྒང་ལ་བྱེད་ཀྱི་རེད། ཡིན་

ནའང་དགོངས་པ་བཞེས་པའི་སྐབས་སུ་རྒྱ་ཆེ་ས་ནས་བཞེས་ཏེ་ཐབས་ལམ་སྟོན་དགོས་པ་དང་། ད་ལྟ་

ནས་ཉམས་ཞིབ་ཚད་ལྡན་བྱས་ནས་མ་འོངས་པར་དཀའ་ངལ་མི་འཕྲད་པའི་དགོངས་པ་བཞེས་དགོས་

པ་དེ་ནན་ཏན་བྱས་ནས་ཞུ་རྒྱུའི་འདོད་པ་བྱུང་།

དེ་རིང་གྲོས་ཚོགས་འདིའི་ནང་ལ་ལས་རིམ་འགྲོ་བའི་སྐབས། སྔོན་མ་ཚོགས་གཙོ་སྦྲེལ་པོས་འབོད་སྐུལ་

ཞུ་བཞིན་ཡོད་ལ། ད་རེས་ཡིན་ནའང་འབོད་སྐུལ་དེ་ག་རང་ཞུ་རྒྱུ་ཡིན། གྲོས་ཚོགས་ནང་ལ་གྲོས་ཚོགས་

ཀྱི་ལས་རིམ་ཆ་ཤས་བླངས་པའི་སྐབས་ལ། ཚིག་རྩུབ་པོ་དང་། ཟུར་ཟ། ཁོང་ཁྲོ། ཞེ་སྡང་སོགས་ཀྱི་དབང་

གིས་བཀའ་མོལ་གནང་པ་ཡིན་ན་དོན་དག་འགྲུབ་པར་ཕན་རྒྱུ་མེད་པར།  ང་ཚོའི་སྤྱི་ཚོགས་ནང་ལ་

ཟིང་ཆ་འབྱུང་བའི་གཞི་རྩ་ཞིག་ཆགས་ཀྱི་ཡོད་པ་སོང་ཙང་། བཟང་སྤྱོད་དང་ལྡན་པའི་ཐོག་ནས་བཀའ་

མོལ་ག་རེ་གནང་པ་ཡིན་ནའང་ཞི་འཇམ་པོ་དང་། རྒྱུ་མཚན་དང་ལྡན་པའི་ཐོག་ནས་གནང་པ་ཡིན་ན།

ང་ཚོའི་གྲོས་ཚོགས་ཀྱི་ལས་རིམ་འདི་མི་གཞན་གྱི་ལྟ་སྣང་དུ་ཡིན་པ་ཡིན་ནའང་། བསྔགས་འོས་ཀྱི་རྒྱུ་ལ་

འགྱུར་རྒྱུ་ཞིག་དང་། ང་རང་ཚོ་ཡིན་ནའང་མར་ལོག་པའི་རྗེས་ལ། གྲོས་ཚོགས་ཡག་པོ་ཞིག་ཚོགས་པ་ཡིན།

དོན་དག་ལ་ཕན་པའི་སྐད་ཆ་བཤད་པ་ཡིན་ཟེར་བ་ཞིག་གི་ཐོག་ནས། བཟང་ཕྱོགས་ཀྱི་དགོངས་པ་ཞིག་

བཞེས་ནས་ཕེབས་ཐུབ་རྒྱུའི་གནས་སྟངས་ཤིག་ལ་འགྱུར་ཐུབ་དགོས་པ་དེ་གལ་ཆེན་པོ་རེད། ད་ལྟ་བར་དུ་

བཀའ་བློན་རྣམ་པ་ཚོ་དང་། དེ་བཞིན་བཀུར་འོས་སྤྱི་འཐུས་རྣམ་པ་ཚོས་ཚོགས་གཙོ་གཉིས་ལ་མཐུན་

འགྱུར་ཧ་ཅང་ཡག་པོ་གནང་སོང་། ད་ལྟ་ཡིན་ནའང་རེ་བ་དེ་ག་རང་ཞུ་བཞིན་ཡོད། དེ་ཞུས་པའི་ཐོག་

ནས་ཚོགས་གཙོས་དབུ་འབྱེད་ཀྱི་གཏམ་བཤད་མཇུག་བསྡུ་རྒྱུ་ཡིན།

དེ་རིང་གྲོས་ཚོགས་ཚོགས་དུས་དྲུག་པ་འདིའི་ཐོག་ལ་སྤྱི་འཐུས་རྣམ་པ་གསུམ་སྐུ་གཟུགས་བདེ་མིན་རྐྱེན་

པས་གྲོས་ཚོགས་ཡོངས་རྫོགས་དགོངས་པ་ཞུ་དགོས་བྱུང་བ་དང་། སྤྱི་འཐུས་གཅིག་ས་གནས་ལ་བཞུགས་

མེད་པའི་རྐྱེན་གྱིས་དགོངས་པ་ཞུས་ནས། སྤྱི་འཐུས་བཞི་གྲོས་ཚོགས་འདི་ལ་བཅར་ཐུབ་མ་སོང་། དེ་མ་

ཡིན་པའི་སྤྱི་འཐུས་རྣམ་པ་ཚང་མ་འདིར་ཕེབས་བསྡད་ཡོད། ཉི་མ་གཅིག་གཉིས་དགོངས་པ་ཞུ་མཁན་

བྱུང་ན་མ་གཏོགས་ཚང་མ་འདིར་ཕེབས་བསྡད་ཡོད། དེའི་ཐོག་ནས་ཚང་མ་ལ་སླར་ཡང་ད་ལྟ་བར་དུ་

མཐུན་འགྱུར་གནང་པ་ལ་ཐུགས་རྗེ་ཆེ་ཞུ་བ་དང་། སླར་ཡང་ད་རེས་ཀྱི་ལས་རིམ་འདི་ཚགས་ཚུད་པོ་

དང་དོན་དང་ལྡན་པ་ཞིག་ཡོང་བ་ལ་མཐུན་འགྱུར་གནང་རོགས་གནང་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།

ཐུགས་རྗེ་ཆེ།