མོན་གྷོ་འདོད་རྒུ་གླིང་དུ་ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཉིན་ལྔའི་ཟབ་སྦྱོང་།

ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༣ ཉིན་མོན་གྷོ་འདོད་རྒུ་གླིང་དུ་ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་སྐོར་གྱི་ཉིན་ལྔའི་ཟབ་སྦྱོང་གི་ཚོགས་བཅར་ཚོས་ཐོ་འགོད་ཀྱིས་འགོ་བཙུགས་གནང་།

དེ་ཡང་། ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་ཚོགས་བཅར་བ་ ༥༠ ཙམ་གྱི་འདུ་འཛོམས་སར་མོན་གྷོའི་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས་ནས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་འཐུས་ཚོགས་ཟུར་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དེ་བཞིན་ཟབ་སྦྱོང་གི་གོ་སྒྲིག་ཆེད་ས་གནས་སུ་བསྐྱོད་མཁན་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་རྣམ་པ་གཉིས་བཅས་ལ་ས་གནས་སུ་ཕེབས་པར་དགའ་བསུའི་འཚམས་འདྲི་ཞུས་པ་དང་སྦྲགས། ས་གནས་ཀྱི་ལས་བསྡོམས་སྙན་སྒྲོན་ཞུས། དེའི་རྗེས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ཚོགས་དྲུང་ལས་ཁུངས་དང་དེའི་ལས་དོན་བྱེད་ཕྱོགས་དང་། ས་བགོས་ཕྱོགས་བསྐྱོད། རྒྱ་གར་དང་རྒྱལ་སྤྱིའི་ནང་བོད་དོན་ཐོག་རྒྱབ་སྐྱོར་ཐོབ་སླད་བོད་མི་མང་སྤྱི་འཐུས་ཀྱི་འཚམས་གཟིགས། སྤྱི་འཐུས་རྒྱུན་ལས་ཀྱི་ལས་དོན་བྱེད་ཕྱོགས་བཅས་ཀྱི་སྐོར་ལ་འགྲེལ་བརྗོད་གནང་། དེ་ནས། སྤྱི་འཐུས་ཚོགས་ཟུར་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་བཙན་བྱོལ་བོད་མིའི་མང་གཙོ་འཕེལ་རིམ་དང་། ཟབ་སྦྱོང་ལས་འཆར་དང་དེའི་གལ་གནད་སྐོར་འགྲེལ་བརྗོད་གནང་།

ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་རྣམ་རྒྱལ་རྒྱལ་མཚན་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་ཚོགས་དྲུང་ལས་ཁུངས་ནས་ཟབ་སྦྱོང་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུའི་གསུངས་བཤད་གནང་། ཁོང་གིས་མོན་གྷོའི་ས་གནས་འཐུས་ཚོགས་ལ་དེ་ལྟ་བུའི་ཟབ་སྦྱོང་མ་ཐོབ་ནས་ཡུན་རིང་ཕྱིན་པའི་སྐོར་ཡང་གསུངས། དེ་ནས། ཚོགས་བཅར་བ་སོ་སོས་ངོ་སྤྲོད་བྱས་པ་དང་། ཟབ་སྦྱོང་དེར་བཅངས་པའི་སོ་སོའི་རེ་བ་རྣམས་ཞུས།

ཟབ་སྦྱོང་གི་ཉིན་དང་པོར། སྤྱི་འཐུས་ཚོགས་ཟུར་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་སྔ་དྲོ་ཆུ་ཚོད་ ༡༡ ནས་ ༡ བར་དང་། ཉིན་རྒྱབ་ཆུ་ཚོད་ ༢ ནས་ ༣།༣༠ བར་གྲོས་ཚོགས་ཀྱི་ལས་རིམ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། དེ་བཞིན་སྐར་རྟགས་ཅན་གྱི་དྲི་བ་འདྲི་སྟངས་དང་། ཐུགས་སྣང་གཞེན་བསྐུལ་གྱི་གྲོས་འཆར་འདོན་ཕྱོགས། གྲོས་ཆོད་གྲོད་འཆར་འདོན་ཕྱོགས། ཁྲིམས་ཡིག་དང་སྒྲིག་གཞི་འཆར་ཟིན་འབུལ་ཕྱོགས་སྐོར་འགྲེལ་བརྗོད་ཁ་གསལ་གནང་། ཕྱི་དྲོ་ཆུ་ཚོད་ ༤ ནས་ ༥ བར་ཁོང་དང་ཚོགས་གཞོན་མཆོག་ནས་ཚོགས་བཅར་བའི་དྲི་བར་ལན་འདེབས་གསལ་བཤད་གནང་།

ཟབ་སྦྱོང་གི་ཉིན་གཉིས་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་ལོ་འཁོར་རྒྱུན་གྲོན་སྔོན་རྩིས་དང་། དམིགས་བསལ་རྒྱུན་གྲོན་སྔོན་རྩིས། ཟུར་བཀོལ་སྔོན་རྩིས་བཅས་ཀྱི་ཐོག་འགྲེལ་བརྗོད་ཁ་གསལ་གནང་རྗེས་ཚོགས་བཅར་བའི་དྲི་བར་ལན་འདེབས་གསལ་བཤད་གནང་།

ཉིན་གསུམ་པར་གྲོས་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཟབ་སྦྱོང་དམར་འཁྲིད་ཀྱི་ལས་རིམ་གྲ་སྒྲིག་གནང་རྒྱུ།

ཟབ་སྦྱོང་འདིའི་དམིགས་ཡུལ་ནི་ཚོགས་བཅར་བ་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྒྲིག་གཞི་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། ལོ་འཁོར་སྔོན་རྩིས་ཀྱི་སྒྲིག་གཞི་ལ་སོགས་ཆ་ཚང་ཤེས་པའི་ཐོག་ནས་ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་གནང་བ་ཞིག་ཡིན།