མོན་གྷོ་འདོད་རྒུ་གླིང་དུ་ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་ལེགས་པར་གྲུབ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་མོན་གྷོ་འདོད་རྒུ་གླིང་དུ་གོ་སྒྲིག་གནང་བའི་ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཉིན་ལྔའི་ཟབ་སྦྱོང་ལེགས་པར་གྲུབ་ཡོད།

དེ་ཡང་། ཉིན་དང་པོ་གཉིས་རིང་ཚོགས་བཅར་བ་ ༥༠ ཙམ་ལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཙོས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་ཁག་དང་། བཙན་བྱོལ་བོད་མིའི་མང་གཙོ་འཕེལ་རིམ་སོགས་ཀྱི་སྐོར་ལ་ཟབ་ཁྲིད་གནང་། ཉིན་གསུམ་པར་གྲོས་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་དམར་འཁྲིད་ཀྱི་ལས་རིམ་གྲ་སྒྲིག་དང་། ཟབ་སྦྱོང་དམར་འཁྲིད་སྐབས་ཉེ་བར་མཁོ་བའི་ཡིག་ཆ་སོགས་གྲ་སྒྲིག་སླད་ཚོགས་བཅར་བ་རྣམས་སྡེ་ཁག་བཞིར་བགོས།

ཉིན་མཐའ་མ་གཉིས་ལ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་ཇི་བཞིན་དབུ་འཛུགས་གསོལ་ཇ་འབྲས་བསིལ་ནས་མཇུག་ཚོགས་གཙོའི་མཇུག་བསྡོམས་གསུང་བཤད་བར་གྱི་ལས་རིམ་ཆ་ཚང་འཁྲིད་གནང་ཡོད། སྐབས་དེར་ཚོགས་བཅར་བ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་འཆར་གཅིག་དང་། སྐར་རྟགས་ཅན་གྱི་དྲི་བ་བཞི། ཐུགས་སྣང་གཞེན་བསྐུལ་གྱི་གྲོས་འཆར་གཉིས་བཅས་འདོན་རྒྱུའི་གོ་སྐབས་བྱུང་ཡོད་ལ། སྟོང་པའི་དུས་ཚོད་གཅིག་བཅས་ལེན་རྒྱུའི་གོ་སྐབས་བྱུང་ཡོད།

མཐར་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་སྤྱི་འཐུས་ཚོགས་ཟུར་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ནས་མ་འོངས་ལས་དོན་བྱེད་ཕྱོགས་ཚགས་ཚུད་ཡོང་སླད་བཀའ་སློབ་ལམ་སྟོན་གནང་ནས་ཟབ་སྦྱོང་མཇུག་བསྡུས་སོ།།