མེས་དབོན་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་ལོ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བའི་མཛད་སྒོའི་སྐབས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གི་གསུང་བཤད།

 

10-Anniversary-4གངས་ལྗོངས་བོད་མིའི་ལྷ་སྐལ་འཕགས་མཆོག་ཕྱག་ན་པད་མོ། འཇིག་རྟེན་ཞི་བདེའི་དེད་དཔོན། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་བའི་ཐོག་ནས། དེ་རིང་འདིར་མེས་དབོན་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་བཅུ་འཁོར་བའི་དུས་དྲན་སྲུང་རྩིའི་མཛད་སྒོའི་དམིགས་བསལ་སྐུ་མགྲོན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་པའི་སྐྱབས་གནས་དགེ་འདུན་རྣམ་པ་དང་། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། ཤེས་རིག་ལས་ཁུངས་དང་སམ་བྷོ་ཊ་འགན་འཛིན་གྱིས་དབུས་པའི་མེས་དབོན་དཔེ་སྟོན་སློབ་གྲྭའི་དགེ་ལས་རྣམ་པ་དང་སློབ་ཕྲུག་ཚང་མ་ལ་ངས་དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་མཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།

ང་ཚོ་བཙན་བྱོལ་དུ་གྱར་དགོས་བྱུང་ནས་འདས་པའི་ལོ་ ༥༦ ། ༥༧ རིང་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་འཛམ་གླིང་ལ་ངོམས་སུ་ཆོག་པ་འདི་ང་རང་ཚོའི་གནས་སྟངས་སྐྱོ་པོ་གཅིག་འོག་ནས་བོད་རིགས་སློབ་ཕྲུག་ཡོངས་ལ་ཤེས་ཡོན་སྤྲོད་ཐུབ་པ་འདི་དགའ་སྤོབས་ཆེན་པོ་བྱེད་འོས་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་རེད། དེའི་ནང་ནས་དེ་རིང་གི་དམིགས་བསལ་སྐུ་མགྲོན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ཡིན་པ་ཡིན་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་འོག་ནས་སྐུ་ཚེ་ཧྲིལ་པོ་བོད་རིགས་སློབ་ཕྲུག་ཚོ་ལ་ཤེས་ཡོན་སྤྲོད་རྒྱུའི་མཛད་འགན་བཞེས་གནང་ཡོད་རེད། གྲོས་ཚོགས་ཀྱི་འགྲོ་སྟངས་ཡིན་ན་ཡང་རིན་པོ་ཆེས་ཐུགས་འགན་བཞེས་ནས་ད་ལྟ་བར་དུ་ང་ཚོའི་འགྲོ་ལུགས་ཚད་ལྡན་ཞིག་གི་ཐོག་ལ་སླེབས་ཐུབ་ཡོད་པ་དང་། འཛིན་སྐྱོང་བཀའ་ཤག་གི་ཕྱག་ལས་གནང་བའི་སྐབས་ལ་ཡིན་ནའང་བཀའ་ཤག་གི་འགྲོ་ལུགས་འགྲོ་སྟངས་དང་། ལས་དོན་བྱེད་ཕྱོགས་དེ་དག་ཆ་ཚང་ལ་རིན་པོ་ཆེ་ཡིས་ཕྱག་རྗེས་ཆེན་པོ་བཞག་གནང་ཡོད་རེད། ལྷག་པར་དུ་རིན་པོ་ཆེས་བཀའ་བློན་ཁྲི་པ་གནང་བའི་སྐབས་ལ་ ༢༠༠༡ ནས་ལས་རིམ་མང་པོ་ཞིག་བརྒྱུད་ནས་ཤེས་ཡོན་སྲིད་བྱུས་གཏན་འབེབས་གནང་རྒྱུའི་ཐོག་ལ་སྐུ་ལས་མང་པོ་ཞིག་གནང་ཡོད་རེད། དེ་བཞིན་ཕྱི་ལོ་ ༢༠༠༤ ལོ་འཛིན་སྐྱོང་བཀའ་ཤག་གི་ཤེས་ཡོན་སྲིད་བྱུས་འདི་གྲོས་ཚོགས་ནང་ལ་བསྣམས་ཕེབས་པའི་སྐབས་སུ་རྩ་བའི་རིན་པོ་ཆེ་མཆོག་གིས་གྲོས་ཚོགས་ནང་ཆ་ཤས་བཞེས་པའི་སྐབས་སུ་གནད་དོན་གང་འདྲ་ཞིག་ཡིན་ན་ཡང་བཀའ་ལན་གཏིང་ཟབ་པོ་དང་འགྲེལ་བཤད་རྣམས་གསལ་པོ་ཡོད་རེད། ངའི་དྲན་ཚོད་བྱས་པ་ཡིན་ན་ང་ཚོའི་ཤེས་ཡོན་སྲིད་བྱུས་གཏན་འབེབས་བྱེད་པའི་སྐབས་ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བ་ཡོད་པའི་གནད་དོན་ཁག་གཅིག་ཐོག་ལ་རིན་པོ་ཆེས་བཀའ་ལན་གནང་བའི་སྐབས་ལ་ནམ་རྒྱུན་དང་མི་འདྲ་བར་རྟིང་པ་ཡང་ཡར་བཀྱགས་ནས་བཀའ་མོལ་གནང་སོང་། དེ་ཡིན་དུས་རིན་པོ་ཆེས་ཤེས་ཡོན་སྲིད་བྱུས་གཏན་འབེབས་གནང་རྒྱུ་དེའི་ཐོག་ལ་ཐུགས་འགན་གཙོ་བོ་བཞེས་པའི་ཐོག་ནས་འཛིན་སྐྱོང་བཀའ་ཤག་གིས་ང་རང་ཚོའི་མི་རབས་མང་པོ་ཞིག་ལ་ཕན་ཐོགས་ཡོང་རྒྱུ་དེ་ལ་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་གནང་ཞུ་རྒྱུ་ཡིན། ཤེས་ཡོན་སྲིད་བྱུས་ཀྱི་ཤེས་ཡོན་གྱི་ངོ་བོ་དང་། ཤེས་ཡོན་གྱི་སྒྲོམ་གཞི། དེ་བཞིན་གནད་དོན་མང་པོ་ཞིག་ཡོད་པ་དེ་དག་རིན་པོ་ཆེས་སྔོན་གླེང་ནང་བཀོད་གནང་ཡོད། ད་ལྟ་ཉེ་ཆར་ཡིན་པ་ཡིན་ནའང་རེད། མེས་དབོན་དཔེ་སྟོན་སློབ་གྲྭ་འགོ་བཙུགས་ནས་ཤེས་ཡོན་སྲིད་བྱུས་དངོས་སུ་ལག་བསྟར་བྱས་ནས་ལོ་བཅུ་འཁོར་བའི་དུས་ཚོད་དང་སྟབས་བསྟུན་ནས་མང་ཚོགས་ནང་ཤེས་ཡོན་སྲིད་བྱུས་ཚུལ་དང་མཐུན་པ་ལག་ལེན་བསྟར་ཐུབ་གྱི་ཡོད་མེད་ཀྱི་གླེང་སློང་གཅིག་བྱུང་བ་སོང་ཙང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་སྤྱི་འཐུས་ལྔ་ལས་གྲུབ་པའི་ཚོགས་ཆུང་ཞིག་བཙུགས་ནས་འདས་པའི་ལོ་བཅུའི་རིང་ལ་ཤེས་ཡོན་སྲིད་བྱུས་ལག་བསྟར་དང་འབྲེལ་བའི་གནད་དོན་ཇི་མ་ཇི་བཞིན་དབྱེ་ཞིབ་ཞིབ་ཚགས་པོ་ཞིག་བྱས་ནས་ད་ལྟའི་གྲོས་ཚོགས་ཚོགས་དུས་ ༡༠ པའི་ཐོག་བགྲོ་གླེང་ཡང་ཉི་མ་གཅིག་ལྷག་བྱས་ནས་ཚོགས་ཆུང་གི་རྒྱབ་གཉེར་ཁག་ལ་གྲོས་ཆོད་བཞག་ཡོད་རེད། vlcsnap-2015-10-21-11h53m59s774གྲོས་ཆོད་ནང་ནས་གཙོ་བོ་དེ་ཚོགས་ཆུང་གི་གཟིགས་ཞིབ་གནང་བའི་སྐབས་ལ་མེས་དབོན་དཔེ་སྟོན་སློབ་གྲྭའི་སློབ་མ་རྣམས་སློབ་གྲྭ་གཞན་དང་མི་འདྲ་བ་གནས་སྟངས་ཡག་པོ་ཞིག་ལ་གྱུར་ཡོད་པ་ཚོགས་ཆུང་གི་གཟིགས་ཚུལ་ནང་ལ་ཡོད་རེད། ཚོགས་ཆུང་གི་རྒྱབ་གཉེར་གྱི་ནང་ལ་མ་འོངས་པར་བོད་པའི་སློབ་གྲྭ་ཚང་མས་ཤེས་ཡོན་སྲིད་བྱུས་ལག་བསྟར་དགོས་པའི་གྲོད་ཆོད་བཞག་པ་སོང་ཙང་། ད་ལྟ་སློབ་གྲྭ་ཁག་གཅིག་ལ་ཤེས་ཡོན་སྲིད་བྱུས་ཆ་ཚང་འགྲོ་ཐུབ་དང་མི་ཐུབ་ཀྱི་གནས་སྟངས་དེ་ཁག་གཅིག་གིས་དགེ་རྒན་ཉུང་བའི་གནས་སྟངས་ཤིག་བཏོན་ཡོད་དུས་དགེ་རྒན་གསོ་སྐྱོང་བྱ་རྒྱུ་ལ་འབད་བཙོན་བྱས་ནས་སློབ་གྲྭ་ཁག་ཚང་མ་ལ་ཤེས་ཡོན་སྲིད་བྱུས་བེད་སྤྱོད་གཏོང་ཐུབ་པ་ཞིག་ཡོང་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རེ་བ་དེ་ཞུ་བསྡད་ཀྱི་ཡོད། ཤེས་ཡོན་སྤྲོད་དགོས་པའི་རྒྱུ་མཚན་དང་དགོས་པ་དང་དམིགས་ཡུལ་དེ་དག་ཚང་མ་ཤེས་ཡོན་སྲིད་བྱུས་ཀྱི་དེབ་ནང་འཁོད་ཡོད། ཡིན་པ་ཡིན་ན་ཡང་ད་ལྟའི་ང་ཚོ་སྤྱི་ཚོགས་ནང་ལ་དཀའ་ངལ་ཆེ་ཤོས་ང་རང་གིས་ལྟ་སྟངས་བྱས་པ་ཡིན་ན། གཉིས་ཆགས་བསྡད་འདུག། གཅིག་དེ་ཤེས་ཚད་ག་ཚོད་མཐོ་ན་ཡང་བཟང་སྤྱོད་ཀྱི་ཆ་འཛིན་མ་ཐུབ་པ་ཡིན་ན་ད་ལྟའི་ང་ཚོའི་སྤྱི་ཚོགས་ནང་གི་མེ་ལོང་ལ་བལྟས་པ་ཡིན་ན་གཅིག་དེ་དྲ་རྒྱའི་བརྒྱུད་ནས་སྐད་ཆ་འགྲོ་བ་མང་པོ་ཞིག་བཟང་སྤྱོད་རྩ་བ་ནས་མེད་པའི་ཐོག་གནས་ཚུལ་མང་པོ་ཞིག་འགྲོ་སྡོད་ཀྱི་འདུག དེ་ཡིན་དུས་ད་ལྟའི་གནས་ཚུལ་འདྲ་མིན་འབྲི་མཁན་ཚོ་ལ་འབོད་སྐུལ་ཞུ་གི་ཡོད། མ་འོངས་པའི་མི་རབས་དེ་ཚོ་ལ་ཡིན་པ་ཡིན་ན་ཡང་དེ་ག་རང་འབོད་སྐུལ་ཞུ་རྒྱུ་ཡིན། བཟང་སྤྱོད་དང་ལྡན་པའི་ཐོག་ནས་ལས་གང་འདྲ་ཞིག་བྱས་རུང་གཞན་གྱིས་ཡིད་སྨོན་ཡོང་གི་རེད། བཟང་སྤྱོད་དང་མ་ལྡན་པར་ག་རེ་བྱས་ནའང་གང་ལྟར་སྡུག་པ་མ་གཏོགས་ཡག་པ་ཡོང་གི་མ་རེད། དེ་འདྲ་ཡིན་དུས་དེའི་ཐོག་ལ་དགོངས་པ་བཞེས་དགོས་རྒྱུ་གཅིག་དང་།

གཉིས་པ་དེ་ང་ཚོའི་ཤེས་ཡོན་སྲིད་བྱུས་ནང་གསལ་བ་བཞིན། ད་ལྟ་ཡིན་ནའང་ང་ཚོའི་སྤྱི་ཚོགས་དེ་གཞན་རྟེན་གྱི་བསམ་བློ་ཤུགས་ཆེན་པོ་ཞིག་ཡོང་བསྡད་ཀྱི་ཡོད་རེད། དེ་ཡིན་དུས་སོ་སོ་སོ་སོས་དཀའ་ལས་བརྒྱབས་ནས་སོ་སོའི་རྐང་པའི་ཐོག་ལ་ལངས་ཐུབ་པ་མ་ཆགས་པ་ཡིན་ན་ག་དུས་ཡིན་ན་ཡང་གཞན་ཞིག་ལ་རེ་བ་བཅོལ་བསྡད་ན་ང་ཚོའི་སྤྱི་ཚོགས་འདི་གང་འདྲ་ཞིག་ཏུ་འགྱུར་མིན་དེ་ཉེན་ཁ་ཆེན་པོ་ཞིག་མཐོང་གི་འདུག དེ་འདྲ་ཡིན་དུས་བསམ་བློའི་ནང་ལ་གཞན་རྟེན་གྱི་བསམ་བློ་དེ་དོར་དགོས་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། སྤྱིར་བཏང་ནས་བལྟ་དུས་ང་རང་ཚོ་བོད་པའི་སྤྱི་ཚོགས་ནང་ལ་གཅིག་ལ་གཅིག་ཕན་བྱ་རྒྱུ་དེ་གང་ལ་གང་འཚམ་ཉུང་ཉུང་ཆགས་བསྡད་འདུག དཔེར་ན་རྒྱ་གར་གྱི་སྤྱི་ཚོགས་ཡིན་ན། བར་ལམ་རང་ཉིད་ཕར་ཚུར་འགྲོ་དུས་གནས་སྐོར་བ་རྣམས་ལ་ཞལ་ལག་རིན་མེད་ཀྱིས་བཏང་བ་དེ་འདྲ་མང་པོ་ཞིག་མཇལ་རྒྱུ་འདུག ང་ཚོ་བོད་པ་ཚོས་གསུང་ཆོས་ཡིན་པ་ཡིན་ནའང་རེད། ག་པར་ཡིན་པ་ཡིན་ནའང་དངུལ་བཟོ་རྒྱུ་དང་ཟ་ཁང་ཟིན་ནས་དངུལ་བཟོ་རྒྱུ་བསམས་པ་མ་གཏོགས་དེ་འདྲའི་རོགས་པ་བྱ་རྒྱུ་ཁག་པོ་རེད་འདུག ང་རང་ཚོ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཡིན་ནའང་ལོ་གཅིག་ལ་ཌོ་ལར་ས་ཡ་ ༣༨ ཡི་ཡས་མས་འགྲོ་སོང་བཏང་བསྡད་ཀྱི་ཡོད་རེད། དེའི་ནང་ནས་ང་རང་ཚོའི་བོད་པ་རང་གི་དངུལ་བསྡུ་རྒྱུ་དེ་ཕལ་ཆེར་འབུམ་ ༡༡༠༠།༡༢༠༠ ཞིག་མ་གཏོགས་བསྡུ་ཐུབ་ཀྱི་མེད། དེར་བརྟེན་ལོ་གཅིག་ལ་ང་ཚོས་སྒོར་ ༡༠༠ བེད་སྤྱོད་གཏོང་གི་ཡོད་ན། སྒོར་ ༩༤ གཞན་ནས་སློང་བརྒྱབས་ནས་བསྡད་ཀྱི་ཡོད་རེད། སྒོར་ ༦ ཞིག་ང་རང་ཚོས་བསྡུ་གི་ཡོད་རེད། དེ་འདྲའི་གནས་སྟངས་ཞིག་ཆགས་བསྡད་ཡོད། གཞན་པ་བརྒྱ་ཆ་ ༩༤ དེ་གཞན་ཕན་གྱི་བསམ་བློ་ཡོད་མཁན་ནུབ་ཕྱོགས་པ། ང་རང་ཚོར་རྒྱབ་སྐྱོར་བྱེད་མཁན་དེ་ཚོའི་རེད། དེ་འདྲ་ཡིན་དུས་ང་རང་ཚོའི་གཞི་རིམ་གྱི་བསམ་བློ་གཏོང་སྟངས་དེ་ལ་འགྱུར་བ་མ་བཏང་ན། གཞན་རྟེན་བསམ་བློའི་དབང་གིས་ང་ཚོར་མ་འོངས་པ་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་རེད། དེ་འདྲ་ཡིན་དུས་དེ་རིང་འདིར་གོ་སྒྲིག་གནང་མཁན་དགེ་ལས་དང་། ཕ་མའི་ཚོགས་ཆུང་། མེས་དབོན་དཔེ་སྟོན་གཟེངས་སུ་ཐོན་པ་ཆགས་རྒྱུ་དེ་སློབ་གྲྭའི་དགེ་རྒན་ཚོ་ཆགས་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་དེ་རིང་གོ་སྐབས་འདི་བླངས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ནས་དགེ་ལས་ཚང་མ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་གནང་ཞུ་རྒྱུ་ཡིན་བཅས་གསུངས།