མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ཏེ་མི་ལོ་ ༥༧ འཁོར་བའི་དུས་དྲན་ཉིན་གྱི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

20150616_081945དེ་རིང་ནི་རྒྱ་དམར་ཀླ་ཀློའི་དཔུང་ཚོགས་ཀྱིས་བོད་ལྗོངས་ཆོས་ལྡན་གྱི་ཞིང་སར་རིམ་བཞིན་བཙན་འཛུལ་བྱས་ཏེ་མཐར་ཡུལ་གྱི་བདག་པོ་བོད་མི་རྣམས་ཀྱི་སྟེང་གདུག་རྩུབ་ཅན་གྱི་སྲིད་བྱུས་དངོས་སུ་ལག་བསྟར་བྱས་པར་བཟོད་ཐབས་ཡོངས་སུ་བྲལ་ཏེ་ཕྱི་ལོ་ ༡༩༥༨ ཟླ་ ༦ ཚེས་ ༡༦ ཉིན་རྒྱལ་ཞེན་ལྷག་བསམ་དང་སྙིང་སྟོབས་ཅན་གྱི་དཔའ་བོ་ཨ་འབྲུག་ཛ་སག་མགོན་པོ་བཀྲ་ཤིས་མཆོག་གིས་དབུ་འཁྲིད་གནང་སྟེ། བོད་ཆོལ་གསུམ་ཁྱོན་ནས་དཔའ་མཛངས་རྟུལ་ཕོད་ཅན་གྱི་བོད་མི་རྣམས་མ་གྲོས་བསམ་པ་གཅིག་མཐུན་གྱིས་བོད་ས་ལྕགས་ཚ་གྲི་གུ་ཐང་དུ་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་བཙུགས་ཏེ་མི་ལོོ་ ༥༧ འཁོར་བའི་དུས་དྲན་ཐེངས་ ༥༦ པ་སྲུང་བརྩི་ཞུ་བ་འདིས་རྒྱ་དམར་ནས་བོད་ནང་བཙན་འཛུལ་གྱིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པས་མ་ཚད། བོད་མིའི་ཆོས་སྲིད་གང་ཅིའི་རང་དབང་ཡོངས་སུ་ཕྲོགས་ཏེ་བོད་ཀྱི་སྣོད་བཅུད་གཉིས་ཀར་སྔར་མ་གྲགས་པའི་ཉམས་ཆག་ཅི་ཆེ་བཏང་ཡོད་པ་རྣམས་དྲན་སྐུལ་དང་བཅས་བོད་དོན་བདེན་མཐའ་མྱུར་གསལ་ཆེད་གོམ་གང་མདུན་སྤོས་ཀྱི་དམ་བཅའ་བརྟན་བཟུང་བྱ་རྒྱུའི་དུས་ཚིགས་གལ་ཆེ་ཞིག་ཆགས་ཡོད།

བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་འདིས་བོད་བསྟན་སྲིད་དང། མི་རིགས་ཀྱི་རང་དབང་ཆེད་དགྲ་བོར་ཕར་རྒོལ་གྱི་ཁ་གཏད་གདོང་ལེན་རིམ་པར་བྱས་ཏེ་ཞབས་འདེགས་ཅི་ཆེ་བསྒྲུབས་ཡོད་པ་དང། ལྷག་པར་བོད་མི་ཡོངས་ཀྱི་འདི་ཕྱིའི་མགོན་སྐྱབས་བླ་ན་མ་མཆིས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་མ་ཕེབས་ཐབས་མེད་བྱུང་བའི་སྐབས་སྐུ་ཕྱྭའི་ཉེན་སྲུང་གི་ཞབས་འདེགས་རླབས་ཆེན་བསྒྲུབས་ཡོད་པ་བཅས་ནི་བོད་མི་རིགས་ཀྱི་ལོ་རྒྱུས་དེབ་ཐེར་ནང་ཇི་སྲིད་བར་གནས་རྒྱུ་མ་ཟད། ད་རེས་དུས་དྲན་སྲུང་བརྩིའི་གོ་སྐབས་འདི་བཟུང་ནས་བཀའ་དྲིན་རྗེས་དྲན་དང་སྦྲགས་གུས་འདུད་ཞུ་རྒྱུ་ཡིན།

འདི་ལོ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རང་ལུགས་དགུང་གྲངས་ ༨༡ དང་། ཕྱི་ལུགས་དགུང་གྲངས་ ༨༠ ལ་ཕེབས་ཏེ་སྐྱེ་འགྲོ་སྤྱི་དང་འཛམ་གླིང་ཞི་བདེ། ལྷག་པར་གང་གི་གདུལ་ཞིང་བོད་མི་ཡོངས་ལ་འདི་ཕྱི་ཚེ་རབས་ཀུན་ཏུ་དགེ་བའི་ལམ་སྟོན་རྒྱུན་ཆད་མེད་པ་དང་བཅས་བརྩེ་བའི་མ་ཡིས་གདུག་པའི་བུ་ལ་གཅེས་སྐྱོང་བྱེད་པ་ལྟར་ཐུགས་བརྩེ་བྱམས་གཟིགས་བླ་ན་མེད་པ་བསྐྱངས་དང་སྐྱོང་བཞིན་པའི་བཀའ་དྲིན་རྗེས་དྲན་དང། ད་དུང་༸སྐུ་ཚེ་༸ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་པར་བཞུགས་སུ་གསོལ་བའི་བསྐལ་བཟང་གི་དུས་ཚིགས་ཁྱད་པར་ཅན་ཞིག་ཏུ་འཁེལ་ཡོད།

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཞུ་སྒོ་མཐའ་དག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞེད་དགོངས་ལྟར་བསྒྲུབ་ཐུབ་པའི་འགན་འཁུར་ཞུ་ཕྱོགས་སྔར་ལྷག་དགོས་གལ་སྨོས་མི་དགོས་པའི་ཐོག རྒྱུན་དུ་རྒྱ་ཆེའི་མང་ཚོགས་དང་ཐད་ཀར་འབྲེལ་ལམ་དམ་ཟབ་ཡོད་པའི་ཚོགས་པ་དང། སྒྲིག་འཛུགས་རྣམས་ཀྱིས་ཕྱར་གྲུ་མཉམ་འདེགས་སམ་ཞོགས་འདེགས་ཀྱི་ནུས་པ་དེ་ཡང་ཤིན་ཏུ་གལ་འགངས་ཆེན་པོ་ཡིན།

ཉེ་བའི་སྔོན་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་ཐེངས་ ༤༥ པ་འཚོགས་པའི་གྲོས་གཞི་གྲོས་ཆོད་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕུལ་སོན་བྱུང་བའི་ནང་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭར་ཉེན་སྲུང་ཞུ་ཕྱོགས་ལ་དོ་སྣང་དང་འགན་འཁུར་ཞུ་ཕྱོགས། སྐུ་ཕྱྭའི་ཞབས་རིམ་བསྒྲུབས་དང་བསྒྲུབ་འཆར། དེ་འབྲེལ་སྲོག་བླུ་དང། ཤིང་ནགས་འདེབས་འཛུགས་སོགས་དང། ཆོས་དང་རིག་གཞུང་སྲུང་སྐྱོབ། སྒྲིག་འཛུགས་ཚགས་ཚུད་འབྱུང་ཐབས་སྤྱི་དང། སྒྲིག་འཛུགས་སྲ་བརྟན་རྒྱུན་གནས་ཀྱི་ཆ་རྐྱེན་གཙོ་བོ་ཞིག་དཔལ་འབྱོར་མཐུན་རྐྱེན་ལ་རག་ལུས་པ་ལྟར་དཔལ་འབྱོར་འདུ་འགོད་བྱ་ཕྱོགས། སྒྲིག་ཁོངས་ན་གཞོན་མཐོ་སློབ་ཀྱི་སློབ་མ་མི་ཉུང་བར་ལོ་ལྟར་སློབ་ཡོན་མཐུན་སྦྱོར། སྒྲིག་འཛུགས་ཀྱི་ཁོངས་མི་རྒས་འཁོགས་འཁོས་ཞན་རྣམས་ལ་འཚོ་སྣོན་དང། དམིགས་བསལ་བལྟ་གཡོག་བྱ་མཁན་ཟུར་འཛུགས། ཡང་ཉེ་བའི་སྔོན་ཏེ་ ༢༠༡༥ ཟླ་ ༤ ཚེས་ ༢༥ ཉིན་དང། དེ་རྗེས་བཅས་སུ་བལ་ཡུལ་དང། བལ་ཡུལ་གྱི་ཉེ་འབྲེལ་བོད་ཀྱི་ས་ཁུལ་དང། རྒྱ་གར་གྱི་མངའ་སྡེ་འགའ་ཤས་བཅས་ལ་ས་འགུལ་གྱི་འཇིགས་པ་ཆེན་པོས་མི་རྒྱུ་གཉིས་ལ་གོད་ཆག་ཅི་ཆེ་ཕོག་པར་གདུང་སེམས་མཉམ་བསྐྱེད་དང། འདས་གྲོངས་སུ་སོང་བར་བསྔོ་སྨོན། ཤུལ་ལུས་ལྟོས་བཅས་ལ་ཐུགས་གསོ་སོགས་གང་འོས་ཀྱི་ཞུ་སྒོ་གང་ལེགས་གནང་འདུག

ལྷག་པར་བོད་ནང་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་པའི་འོག་གཞིས་བཞུགས་བོད་མི་རྣམས་ཀྱིས་རང་ལུས་མེར་བསྲེགས་གཙོས་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་པར་གདུང་སེམས་མཉམ་སྐྱེད་དང། མཆོད་འབུལ་སོགས་ཀྱི་ཐོག་ནས་སྐྱིད་སྡུག་མཉམ་མྱོང་ཞུ་རྒྱུས་མཚོན་ཆབ་སྲིད་ཀྱི་ལས་འགུལ་རིགས་སྤེལ་དང་སྤེལ་འཆར་ཡོད་པ་འཁོད་ཡོད་པ་རྣམས་ནི་བོད་མིའི་རྩ་དོན་འཐབ་རྩོད་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གང་ཅིར་གཞོགས་འདེགས་སུ་འགྲོ་བས་འདི་ཐོག་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་སྦྲགས། དེ་དག་མུ་མཐུད་རྒྱུན་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།

དོན་གནད་གལ་ཆེ་བ་གཞན་ཞིག་ནི། ང་ཚོ་ད་ལྟ་རྒྱ་གར་འཕགས་པའི་ཡུལ་དུ་སྐྱབས་བཅོལ་ཞུས་ཏེ་གནས་བཞིན་པ་ལྟར། རྒྱ་གར་ནི་བོད་མི་རྣམས་ཀྱི་ཕ་ཡུལ་གཉིས་པ་ལྟ་བུ་ཆགས་ཏེ་རྒྱ་གར་གཞུང་མང་གཉིས་ཀས་བོད་མིར་རྒྱབ་སྐྱོར་རོགས་རམ་ཧ་ཅང་རྒྱ་ཆེན་པོ་གནང་བའི་བཀའ་དྲིན་གྱི་བདག་ཉིད་ཅན་ཞིག་ཡིན་པ་ལྟར། རང་རང་གནས་ཡུལ་རྒྱ་གར་ཡུལ་མི་རྣམས་ལ་མཐུན་ལམ་བསྟུན་མཁས་གནང་ཕྱོགས་ལ་རང་རེ་ཚང་མས་ཐུགས་སྣང་མི་ཆུང་བ་གནང་རྒྱུ་ནི་ཡུལ་དུས་གནས་བབ་ཀྱི་ཆ་ནས་ཤིན་ཏུ་གལ་ཆེ་ཡིན་སྟབས་ད་རེས་གོ་སྐབས་འདི་བརྒྱུད་ནས་སླར་ཡང་དྲན་སྐུལ་ནན་ཏན་ཞུ་རྒྱུར་ཚང་མའི་ཐུགས་ལ་ངེས་པར་བཅང་རོགས་གནང་ཞུ་རྒྱུ་བཅས་དང་།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་༸ཞབས་པད་ཡུན་དུ་བརྟན་ཅིང། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང། བོད་དོན་བདེན་མཐའ་མྱུར་དུ་གསལ་བ། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཞུ་སྒོ་མཐའ་དག་ལམ་ལྷོང་ཡོང་བ་བཅས་ཀྱི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡༦ ལ།།