མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ཏེ་ལོ་ངོ་ ༦༤ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༢༥ ཉིན་ས་གནས་ནིའུ་ཡོག་མདོ་ཁམས་ཆུ་སྒང་རྒྱུན་ལས་སྐབས་ ༨ པས་ཨ་རིའི་ནིའུ་ཡོག་བོད་རིགས་སྤྱི་མཐུན་ཚོགས་པའི་སྤྱི་ཁང་ཕུན་ཚོགས་སྡེ་བཞིའི་ནང་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ཏེ་ལོ་ངོ་ ༦༤ འཁོར་བའི་དུས་དྲན་མཛད་སྒོ་ཞིག་སྲུང་བརྩི་དང་འབྲེལ་ལོ་རེའི་དགོང་ཚོགས་ཆེན་མོ་ཞིག་གོ་སྒྲིག་ཞུས་ཤིང་། སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། གཞན་སྐུ་མགྲོན་དུ་ཕྱོགས་ཕེབས་སྤྱི་འཐུས་རྣམ་པ། ས་གནས་ཚོགས་སྐྱིད་སྡུག་ཁག་གི་ལས་སྣེ་རྣམ་པ། ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་དབུས་པའི་ཚོགས་མི་རྣམ་པ། ས་གནས་མི་མང་བཅས་ཕེབས་གནང་འདུག


སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་དང་། སྒེར་ངོས་ནས་སྐུ་མགྲོན་ཡོངས་ལ་འཚམས་འདྲི་དང་། ད་རེས་ཨ་རིར་གཞུང་འབྲེལ་ཕེབས་དགོས་དོན་སྐོར་སྙིང་བསྡུས་ཤིག་གསུངས་པ་དང་། དེ་རྗེས་གསུང་དོན། རྩ་བའི་ཆུ་བཞི་སྒང་དྲུག་གི་ལོ་རྒྱུས་ལ་བལྟས་པ་ཡིན་ན། འདས་པའི་ལོ་རྒྱུས་ཉག་ཕྲ་བའི་སྐབས་ལ་མི་རྒྱུ་ཟོག་གསུམ་གྱི་འགྲོ་སོང་བཏང་ནས་བཙུགས་པའི་ཚོགས་པ་ཞིག་ཆགས་བསྡད་ཀྱི་ཡོད་པ་དང་། དེ་ཡང་ཕྱི་ལོ་ ༡༩༥༨ ལོར་ཚོགས་པ་དེ་དངོས་སུ་བཙུགས་ཤིང་། ཚོགས་པའི་ངོས་ནས་བོད་བསྟན་སྲིད་དེ་སྐྱོབ་ཐུབ་རྒྱུའི་ཆེད་དུ་དམིགས་ཡུལ་ཟིན་ཏེ། འགྲོ་སོང་དང་། བློས་གཏོང་མང་པོ་ཞིག་བྱས་ནས་བཙུགས་པ་རེད། ཚོགས་པའི་དམིགས་ཡུལ་གཞིར་བཟུང་། གཙོ་བོ་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་གཙོས་པའི་སྐབས་དེ་དུས་བོད་ཆོལ་ཁ་གསུམ་གྱིས་དངོས་སུ་བོད་བསྟན་སྲིད་ཀྱི་ཆེད་དུ་མཉམ་ཞུགས་གནང་སྟེ་དམིགས་ཡུལ་གང་ལ་གང་འཚམས་ཞིག་བསྒྲུབས་ཐུབ་ཡོད་རེད། སྐབས་དེ་དུས་རྒྱ་དམར་གཞུང་གི་དམག་མི་འབོར་ཆེན་པོ་ཞིག་བོད་ནང་ཡོང་སྟེ་བཙན་འཛུལ་བྱེད་འགོ་བཙུགས་པ་དང་། བོད་གཞུང་གི་དམག་མི་ཉུང་ཉུང་ཡིན་པ། ཆུ་བཞི་སྒང་དྲུག་གིས་དང་བླངས་དམག་མི་འདྲ་པོ་བྱས་ནས་ཞབས་འདེགས་ཞུས་ཡོད་རེད། དཔེར་ན།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལ་ཆིབས་བསྒྱུར་གནང་ཐུབ་པ་སོགས་ཀྱི་ཐོག་ལ་བཀའ་དྲིན་ཆེན་པོ་ཞེ་དྲག་བསྐྱངས་ཡོད་རེད། རྣམ་པ་ཚོས་ཕལ་ཆེར་མཁྱེན་ཡོད་རེད། ཐེངས་ཤིག་བཀའ་བློན་ཁྲི་ཟུར་རྒྱ་ལོ་དོན་འགྲུབ་མཆོག་གིས་སྤྱི་འཐུས་རྒྱུན་ལས་རྣམ་པ་ཐུག་དགོས་གསུངས་བྱུང་། སྐབས་དེ་དུས་ང་སྤྱི་འཐུས་ཚོགས་གཙོ་གཞོན་པ་རེད། དེའི་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལ་ཆིབས་བསྒྱུར་གནང་བའི་སྐོར་དེ་གསུངས་སོང་། ཕྱི་ལོ་ ༡༩༥༩ ལོར་༸སྐྱབས་མགོན་རིན་པོ་ཆེ་ལྷོ་ཁ་ཕྱོགས་ལ་ཕེབས་ཡོད་རེད། སྐབས་དེ་དུས་ཆུ་བཞི་སྒང་དྲུག་གི་བཀའ་དྲིན་ལ་བརྟེན་ནས་ལྷོ་ཁ་ཕྱོགས་ལ་རྒྱ་དམར་གཞུང་གི་དམག་མི་སླེབས་ཐུབ་ཡོད་མ་རེད་ཅེས་གསུངས་སོང་། དེ་བཞིན་རྣམ་པ་ཚོས་འཕྲེད་དར་དེའི་སྒང་ལ་བྲིས་པ་བཞིན། ཉེ་ཆར་༸གོང་ས་མཆོག་གིས་ “ཟིང་འཁྲུག་བྱུང་བའི་རྗེས་ལ་ཆུ་བཞི་སྒང་དྲུག་ཁོ་ཚོའི་གྲས་དཔེ་ཞེ་དྲག་གི་དྲིན་ཆེན་པོ་རེད།” ཅེས་གསུངས་ཡོད་རེད། དེར་བརྟེན་ད་རེས་ང་ཚོའི་ངོས་ནས་དུས་དྲན་སྲུང་བརྩི་ཞུ་རྒྱུ་དང་། ནུས་པ་མཉམ་སྤུངས་གནང་རྒྱུ་ཞིག་ཆགས་བསྡད་ཡོད་རེད། ཚོགས་པའི་འབྱུང་རིམ་འདྲ་པོ་དེ་འདྲ་རེད། དེ་བརྗེད་རྒྱུ་མེད་པའི་ཐོག་མ་འོངས་པའི་ལས་དོན་གནང་ཕྱོགས་ལ་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་ཆགས་ཀྱི་ཡོད་རེད།

བོད་ནང་གི་ད་ལྟའི་གནས་སྟངས་ལྟ་བུར་མཚོན་པ་ཡིན་ན། རྒྱ་ནག་དམར་གཞུང་འོག བོད་ནང་གི་ཆོས་དང་། རིག་གཞུང་། སྐད་ཡིག ཁོར་ཡུག་སོགས་ཀྱི་གནས་སྟངས་ཉིན་རེ་བཞིན་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་། དེ་གཞིར་བཟུང་ང་ཚོའི་ངོས་ནས་དེ་དང་མཐུན་པའི་ཐོག་ནས་ལས་འགུལ་གང་སྤེལ་རྒྱུ་འདུག་གམ། དེ་དང་མཐུན་པའི་ཐོག་ནས་སྤྱི་ཚོགས་ནང་སོ་སོའི་ལངས་ཕྱོགས་གང་ཡིན་པ་ཡིན་ནའང་དེའི་ཐོག་ནུས་པ་མཉམ་སྤུངས་བྱེད་ཐུབ་དགོས་པ་ཧ་ཅང་གི་གལ་ཆེན་པོ་རེད། ནུས་པ་མཉམ་སྤུངས་ཟེར་ཡོང་དུས། ཁྱོད་དང་ང་ཟེར་བའི་རྣམ་པ་མེད་པའི་ཐོག་ནས་གཅིག་གིས་གཅིག་ལ་གུས་བརྩི་དང་། བརྩི་བཀུར་ཞུས་པའི་ཐོག་ནས་གཅིག་བསྒྲིལ་ཡོང་ཐུབ་ཐབས་གནང་དགོས་པ་དང་། གཞན་གྱི་བསམ་ཚུལ་ལ་གུས་བཀུར་དང་། སོ་སོའི་བསམ་ཚུལ་གསལ་པོར་སྟོན་ཐུབ་པ་གནང་སྟེ། བོད་བསྟན་སྲིད་ཐོག་ལ་མཉམ་རུབ་ཞུ་ཐུབ་པ་གང་ཡོད་པ་དེའི་ཐོག་ཞབས་འདེགས་ཞུ་ཐུབ་དགོས་པ་གལ་ཆེན་པོ་ཞེ་དྲག་ཆགས་ཀྱི་ཡོད་རེད། དེ་གཞིར་བཟུང་གཞོན་སྐྱེས་ཚོ་ལའང་ཤེས་ཡོན་གྱི་གོ་སྐབས་ཡག་པོ་སྤྲོད་ཐུབ་དགོས་པ། སོ་སོའི་ནུས་པ་གང་ཡོད་པ་བོད་བསྟན་སྲིད་ཆེད་དུ་ཞབས་འདེགས་ཞུ་ཐུབ་དགོས་པ། ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གཞིར་བཟུང་གོམ་པ་མདུན་སྤོས་གང་འདྲ་གནང་དགོས་པའི་ཐབས་ལམ་ཐོག་དུས་རྒྱུན་དུ་ནས་གོ་བསྡུར་སྦྱངས་བཤད་གནང་དགོས་པ་གལ་ཆེན་པོ་རེད་འདུག་ཅེས་ཞུ་རྒྱུ་ཡིན།


དེ་བཞིན་ང་ཚོས་དུས་རྒྱུན་ཆབ་སྲིད་དང་། དཔལ་འབྱོར། རིག་གཞུང་བཅས་ཆབ་དཔལ་རིག་གསུམ་ཞེས་བཤད་སྲོལ་ཡོད་པ་ལྟར། ཆབ་སྲིད་ཀྱི་ཐོག་ལ་བསྟན་སྲུང་དང་བླངས་དམག་གི་ངོས་ནས་ཞབས་འདེགས་ཧ་ཅང་ཆེན་པོ་ཞུས་དང་ཞུ་མུས་རེད། དེ་བཞིན་དཔལ་འབྱོར་ཐོག་ལ་སོ་སོའི་ངོས་ནས་རང་ཁ་རང་གསོ་ཐུབ་རྒྱུའི་ཐོག་ནུས་པ་བཏོན་གྱི་ཡོད་རེད། བོད་མིའི་སྒྲིག་འཛུགས་ལྟ་བུར་ཡིན་ནའང་། སོ་སོའི་ངོས་ནས་དང་བླངས་དཔྱ་དངུལ་འབུལ་ཐུབ་པ་ཡིན་ན་ཐུགས་ཕན་ཆེན་པོ་གསོ་ཡི་ཡོད་རེད། དཔྱ་ཁྲལ་ལག་དེབ་ཡོད་པ་ཡིན་ན། དུས་ཐོག་དངུལ་འབུལ་ཐུབ་དགོས་པ་དང་། མེད་པ་ཡིན་ན་གསར་པ་བཟོས་ཏེ་འབུལ་ཐབས་གནང་དགོས་པ། དེ་བཅའ་ཁྲིམས་ནས་བསྐུར་བའི་ལས་འགན་ཞིག་ཆགས་ཀྱི་ཡོད་རེད། དེ་ཚོའི་ཐོག་ནུས་པ་མཉམ་སྤུངས་བྱེད་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག་ཅེས་ཞུ་རྒྱུ་ཡིན། དེ་བཞིན་རིག་གཞུང་ཟེར་བ་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། རིག་གཞུང་ཟེར་དུས་བོད་ཀྱི་ཆོས་དང་། སྐད་ཡིག སོ་སོའི་གོམས་གཤིས་རེད། དེ་ཚོའི་ཐོག་ཉམས་པ་སོར་ཆུད་ཡོང་ཐུབ་རྒྱུར་ནང་ཁུལ་གོ་བསྡུར་སྦྱངས་བཤད་གནང་སྟེ་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གཞུང་བདག་གཅེས་གནང་དགོས་པ་ཧ་ཅང་གི་གལ་ཆེན་པོ་རེད་འདུག་ཅེས་གསུངས་གནང་བ་དང་། དེ་བཞིན་མདོ་ཁམས་ཆུ་བཞི་སྒང་དྲུག་དབུ་བརྙེས་ནས་ལོ་ངོ་ ༦༤ འཁོར་བའི་དུས་དྲན་ཉིན་གྱི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོག་སྦྱངས་གནང་རྗེས། དཔལ་ལྡན་ཚོགས་གཙོ་མཆོག་བརྒྱུད་ནིའུ་ཡོག་ནིའུ་འཇར་སི་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའི་ངོས་ནས་ཚོགས་པ་འདིར་བྱས་རྗེས་དང་འབྲེལ་བའི་མི་སྣ་རྣམས་ལ་གཟེངས་རྟགས་ཕུལ་གནང་སོང་། གཞན་ཡང་མཛད་སྒོའི་ཐོག་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་གནང་ཡོད་པ་བཅས། །