མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༦༢ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༦ ཉིན་རྡ་ས་ལྷ་རྒྱལ་རིའི་རྟེན་མཁར་མདུན་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༦༢  འཁོར་བའི་དུས་དྲན་མཛད་སྒོ་སྲུང་བརྩི་ཞུས་གནང་སོང་།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༣༠ ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་དང་། གཞན་སྐུ་མགྲོན་དུ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག དེ་བཞིན་ཆུ་སྒང་གི་རྒྱུན་ལས་རྣམ་པ། སེར་སྐྱ་མི་མང་སོགས་ཁྱོན་མི་གྲངས་ ༣༠ ཙམ་འདུ་འཛོམས་གནང་འདུག

མཛད་སྒོའི་ཐོག་མར་དགེ་འདུན་པ་ཁག་ཅིག་གིས་དབུ་མཛད་ནས་བོད་བསྟན་སྲིད་ཀྱི་དཀར་ཕྱོགས་སྐྱོང་བའི་བོད་སྐྱོང་ལྷ་སྲུང་འཕྲིན་སྐུལ་དང་འབྲེལ་བསངས་གསོལ་གནད་སྨིན་གནང་བ་དང་། དེ་ནས་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་། ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གི་སྐུ་པར་བཅས་གཉིས་ལ་སྐུ་མགྲོན་གཙོ་བོས་གཙོས་སྐུ་མགྲོན་རྣམ་པས་མཇལ་དར་སྒྲོན་གནང་རྗེས། ཚོགས་བཅར་བ་ཡོངས་ནས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ་དང་སྦྲགས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་རང་ལུས་མེར་སྲེག་གནང་མཁན་རྣམས་ཀྱིས་གཙོས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་སླད་ངག་བཅད་གུས་འདུད་སྐར་མ་གཅིག་རིང་ཞུས།

དེ་རྗེས་སྐུ་མགྲོན་གཙོ་བོ་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་དོན། མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་བཙུགས་ཏེ་མི་ལོ་ ༦༢ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་འདིར་ཕེབས་པའི་བཀུར་འོས་སྤྱི་འཐུས་རྣམ་པས་གཙོས་པའི་སྐུ་མགྲོན་རྣམ་པ་དང་། ཆུ་སྒང་དབུས་སའི་རྒྱུན་ལས་རྣམ་པ། མི་མང་བཅས་ཚང་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

དེ་རིང་འདིར་དུས་དྲན་སྲུང་བརྩི་ཞུ་བཞིན་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་འདི་བཞིན་ཕྱི་ལོ་ ༡༩༥༨ ཟླ་ ༦ ཚེས་ ༡༦ ཉིན་བོད་ལྷོ་ཁ་ལྕགས་ཚ་གྲི་གུ་ཐང་དུ་རྒྱལ་གཅེས་དཔའ་བོ་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གིས་དབུ་ཁྲིད་དེ་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ཡོངས་ནས་དཔའ་མཛངས་བརྟུལ་ཕོད་ཅན་གྱི་དཔའ་རྒོད་རྣམས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་བཙན་རྒྱལ་རྒྱ་ནག་དམར་གཞུང་གི་བཙན་འཛུལ་བ་རྣམས་བོད་ནས་མཐར་སྐྲོད་གཏོང་ཆེད་མ་བགྲོས་བསམ་པ་གཅིག་མཐུན་གྱིས་བཙུགས་པ་ཞིག་ཡིན་ལ། དཔའ་རྒོད་ཚོས་དགྲ་བོ་རྒྱ་དམག་བཙན་རྒྱལ་རིང་ལུགས་པ་ཚོར་དཔའ་ངར་ཞུམ་མེད་ཀྱིས་ཕར་རྒོལ་འཐབ་འཛིང་ལན་མང་བྱས་ཡོད་པ་མ་ཟད། ལྷག་པར་དུ་ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་སྐབས་༸སྐུའི་ཉེན་སྲུང་གི་ཞབས་འདེགས་རླབས་ཆེན་བསྒྲུབས་ཡོད་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་༸ཞབས་སོར་བདེ་བར་འཁོད་རྗེས་སུའང་སྙིང་སྟོབས་ཞུམ་པ་མེད་པར་བོད་རྒྱལ་ཁབ་སླར་གསོའི་ཆེད་རྒྱ་དམག་ལ་ཕར་རྒོལ་གྱི་གྲ་སྒྲིག་མུ་མཐུད་བྱས་ཡོད་པ་བཅས་ནི་བོད་ཀྱི་བྱུང་རབས་ལོ་རྒྱུས་ཀྱི་དེབ་ཐེར་ནས་ནམ་ཡང་ཟུབ་ཐབས་མེད་པ་ཞིག་ཏུ་གྱུར་ཡོད།

དེར་བརྟེན་ད་རེས་ཀྱི་གོ་སྐབས་འདི་བརྒྱུད་ནས་སྙིང་སྟོབས་ཅན་གྱི་དཔའ་བོ་ཚོའི་བྱས་རྗེས་ལ་ཡི་རངས་བསྔགས་བརྗོད་དང་བཀའ་དྲིན་རྗེས་དྲན་ཞུ་བ་དང་ཆབས་ཅིག བོད་རྒྱལ་ཁབ་དང་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ཚེ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་ཚོར་གུས་འདུད་ཞུ་རྒྱུ་ཡིན།

ང་ཚོའི་རང་ཡུལ་བོད་ཆོས་ལྡན་གྱི་ཞིང་ཁམས་རྒྱ་ནག་དམར་གཞུང་གིས་བཙན་འཕྲོག་བྱས་ནས་མི་ལོ་ ༦༡ ལྷག་སོང་ཡོད་ཀྱང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་། གཞིས་བཞུགས་རྒྱ་ཆེའི་མི་མང་གི་ལར་ཞེན་དང་སྙིང་སྟོབས་གཡོ་བ་མེད་པའི་ཐོག་མང་གཙོའི་ངོ་བོ་ཆ་ལག་ཚང་བའི་བོད་མིའི་སྒྲིག་འཛུགས་འདི་བཞིན་སྲ་བརྟན་དུ་གནས་ཐུབ་པ་བྱུང་ཡོད་པ་མ་ཟད། འཛམ་གླིང་སྐྱེ་འགྲོ་ཀུན་ལ་སྨན་པའི་ཞི་བདེ་དང་། བཟང་སྤྱོད། བྱམས་བརྩེ་བཅས་ཀྱི་འབྱུང་གནས་ཐུན་མོང་མ་ཡིན་པའི་བོད་ཀྱི་ཆོས་དང་རིག་གཞུང་། མི་ཉམས་རྒྱུན་འཛིན་ཐོག་བོད་མི་རིགས་ཀྱི་ངོ་བོ་མ་བརླགས་པར་རང་དབང་འཐབ་རྩོད་མུ་མཐུད་རྒྱུན་གནས་བྱས་དང་བྱེད་བཞིན་པ་ནི་འཛམ་གླིང་ཡུལ་གྲུ་གང་སར་བཙན་བྱོལ་བ་དུ་མ་ཡོད་པའི་ཁྲོད་ནས་ཀུན་གྱིས་བསྔགས་པའི་ཡུལ་དུ་གྱུར་ཡོད། དེ་བཞིན་རྒྱལ་སྤྱིའི་གཞུང་དང་། དབུ་ཁྲིད། གནད་ཡོད་མི་སྣ། སྤྱི་སྒེར་བཅས་ནས་བོད་མིའི་རང་དབང་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་དང་གནང་བཞིན་པར་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་དང་། སླད་མར་ཡང་བོད་དོན་བདེན་མཐའ་མ་གསལ་བར་དུ་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་དང་སྦྲགས། འཛམ་གླིང་ཡུལ་གྲུ་གང་སར་ཡོད་པའི་བཙན་བྱོལ་བོད་མི་རྣམས་ཀྱིས་གནས་ཡུལ་རྒྱལ་ཁབ་ཀྱི་བཀའ་དྲིན་ལ་བསམ་ཤེས་ཐོག་བོད་མིའི་ཐུན་མོང་མ་ཡིན་པའི་ཡ་རབས་བཟང་སྤྱོད་རྣམས་ལག་ལེན་གྱི་ཐོག་ནས་མིག་དཔེར་འོས་པ་ཞིག་གནང་དགོས་པའི་བསྐུལ་མ་ཞུ་རྒྱུ་ཡིན།

སྤྱིར་བཙན་བྱོལ་སྤྱི་ཚོགས་ནང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་མང་པོ་ཡོད་པ་རྣམས་ཀྱི་ངོ་བོ་དང་རྣམ་པ་མི་འདྲ་བ་ཡོད་ན་ཡང་ཚང་མའི་དགོས་འདུན་གཅིག་ཡིན་པའི་ཐོག་ནས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ནུས་པ་མཉམ་སྤུངས་དང་། སྤྱི་ཚོགས་ཀྱི་བདེ་དོན་ལ་སྨན་པའི་ཞབས་འདེགས་སྔར་ལྷག་གནང་དགོས་པའི་བསྐུལ་ལྕག་ཞུ་བ་དང་སྦྲགས། སྐབས་སུ་བབ་པ་ཆུ་སྒང་སྒྲིག་འཛུགས་འདི་བཞིན་སྤྱི་ཚོགས་བདེ་དོན་གྱི་ཚོགས་པ་ཞིག་ཏུ་དེབ་སྐྱེལ་གནང་བ་ནས་བཟུང་ད་བར་སྤྱི་ཚོགས་ལ་སྨན་པའི་ཞབས་འདེགས་རབ་དང་རིམ་པ་གནང་དང་གནང་མུས་ཐོག་སྔ་ལོ་ཕྱི་ལོ་ ༢༠༡༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་ཞབས་རིམ་སྨིན་བསྒྲུབས་གནང་བ་བཅས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། སླད་མར་ཡང་སྒྲིག་འཛུགས་འདི་བཞིན་སྲ་བརྟན་ཚགས་ཚུད་ཐོག་སྤྱི་སྨན་ཞབས་འདེགས་སྔར་ལྷག་གནང་ཐུབ་པའི་རེ་སྨོན་ཞུ་རྒྱུ་ཡིན།

དེང་སྐབས་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་པས་མི་མང་འབུམ་བཞི་ལྷག་གི་ཚེ་སྲོག་འཕྲོག་ཡོད་པ་སོགས་འཛམ་གླིང་ནང་བྱུང་མ་མྱོང་བའི་སྐྱེ་འགྲོ་ཀུན་ལ་བརྡབ་གསིག་ཚབས་ཆེན་བཏང་བའི་གནས་སྟངས་འོག་གཞིས་བྱེས་བོད་མི་ཡོངས་ནས་གདོང་ལེན་མཐར་ཕྱིན་གནང་ཡོད་ལ། ནད་ཡམས་འདིའི་གནོད་ཚེ་ཕོག་ཡུལ་ལ་རྒྱལ་མཚམས་དང་རིགས་རུས། དབུལ་ཕྱུག ཕོ་མོ་སོགས་ཀྱི་དབྱེ་བ་མེད་པར་གནོད་འཚེ་ཕོག་གི་ཡོད་སྟབས། བོད་ཕྱི་ནང་གང་སར་བཞུགས་པའི་བོད་མི་ཡོད་དོ་ཅོག་གིས་ལྷོད་གཡེང་སྤུ་ཙམ་མ་ཤོར་བར་ཡིད་གཟབ་གནང་དགོས་པ་ཞུ་རྒྱུ་དང་།

ད་ཐེངས་ཀྱི་ནད་ཡམས་འདི་དང་འབྲེལ་བའི་བྱ་སྤྱོད་ཀྱི་ཐོག་ནས་རྒྱ་ནག་དམར་གཞུང་གི་སྲིད་བྱུས་གཡོ་ཁྲམ་ཅན་གྱི་གདོང་རིས་ངོ་མ་དེ་འཛམ་གླིང་མི་མང་གི་མིག་མདུན་དུ་མངོན་ཏེ་རྒྱ་ནག་དམར་གཞུང་ལ་མི་དགའ་བའི་རྣམ་འགྱུར་མང་དག་ཅིག་སྟོན་བཞིན་ཡོད་པར་སོང་། ང་ཚོའི་ངོས་ནས་ཀྱང་བོད་དོན་བདེན་མཐའ་གསལ་བའི་འབད་བརྩོན་སྔར་ལྷག་བྱེད་དགོས་པ་ཡིན་སྟབས། ”ཕྱི་དོན་འགྲུབ་པར་ནང་བཀྲ་ཤིས་དགོས།”ཞེས་པ་ལྟར་རྩ་དོན་ལ་གནོད་པའི་འཆལ་གཏམ་དང་བྱ་སྤྱོད་སྤེལ་རིགས་ཀྱི་རྗེས་སུ་གཡམ་རྒྱུགས་མི་བྱེད་པར་ཡིད་གཟབ་བྱེད་དགོས་པ་གོ་སྐབས་འདི་བརྒྱུད་ནས་ནན་བརྗོད་ཞུ་རྒྱུ་ཡིན།

ཕྱི་ལོ་ ༢༠༢༠ ལོ་འདི་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་བཞིན་པ་དང་། བོད་མི་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལས་ལྷག་པའི་བཀའ་དྲིན་ཆེ་བ་ཞིག་མེད་སྟབས་བཀའ་དྲིན་གསོ་བའི་མཆོད་པའི་མཆོག་ནི་བཀའ་བཞིན་བསྒྲུབ་དགོས་པ་ཡིན་པས་མགོན་པོ་མཆོག་གི་ཐུགས་བསྐྱེད་མཛད་མཆོག་བཞི་ཡིས་མཚོན་བཀའ་དགོངས་རྣམས་བསྒྲུབ་དགོས་པ་དོན་གྱི་གནད་དམ་པ་ཡིན་པས་ཚང་མས་རང་དོན་རང་གཅེས་གནང་རྒྱུའི་སྐུལ་འདེབས་ཞུ་རྒྱུ་ཡིན། མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་། རླབས་ཆེའི་མཛད་མཆོག་བཞི་ཡིས་མཚོན་ཐུགས་བསྐྱེད་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་དང་བཅས་ཞེས་གསུངས་གནང་སོང་། མཐར་རྡ་ས་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་ཚེ་རིང་རྣམ་རྒྱལ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ་གནང་ཡོད་པ་བཅས། །