མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླང་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༨ འཁོར་བའི་དུས་དྲན་མཛད་སྒོར་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཕེབས་པ།

IMG_2365IMG_2320

ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡༦ སྔ་དྲོ་ཆུ་ཚོད་ ༧།༣༠ ཐོག་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༨ འཁོར་བའི་དུས་དྲན་དེ་བཞིན་བཞུགས་སྒར་ལྷ་རྒྱལ་རིའི་རྟེན་མཁར་མདུན་དུ་སྲུང་བརྩི་ཞུས་ཡོད་པ་རེད། མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་ཕེབས་ཡོད་པ་དང་། གཞན་ཡང་སྤྱི་འཐུས་རྒྱུན་ལས་རྣམ་པ་འགའ་ཤས་དང་། བཞུགས་སྒར་ཁུལ་བཞུགས་སྤྱི་འཐུས་རྣམ་པ་འགའ་ཤས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། དྷ་སའི་ཁུལ་གྱི་སེར་སྐྱ་མང་ཚོགས་བཅས་འདུ་འཛོམས་ཐོག ཐོག་མར་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་། ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གི་སྐུ་པར་ལ་མཇལ་དར་བསྒྲོན་ནས་ཚང་མ་སྐུ་བཞེངས་ཐོག་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་ཀྱི་ངག་བཅད་སྐར་མ་གཅིག་རིང་གནང་། དེ་ནས་མཛད་སྒོའི་ཐོག་སྤྱི་འཐུས་ལས་ཐོག་ཆུ་སྒང་དབུས་ཀྱི་དྲུང་གཞོན་ངག་དབང་ཐར་པ་ལགས་ནས་དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་གསུང་འཕྲིན་སྒྲོག་སྦྱངས་གནང་བའི་ནང་། དེ་རིང་ནི་བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འགྲམ་ལྕགས་ཚ་གྲི་གུ་ཐང་དུ་མདོ་ཁམས་ཆུ་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་བཙུགས་ཏེ་མི་ལོ་ཧྲིལ་པོ་ ༥༨ འཁོར་བའི་དུས་ཚེས་ཁྱད་པར་ཅན་ཞིག་ཡིན། དུས་ཚེས་འདིར་ཆེས་ཐོག་མར་གུས་འདུད་དང་དྲན་གསོ་ཞུ་དགོས་པ་ཞིག་ནི། ཕྱི་ལོ་ ༡༩༤༩ ལོ་ནས་ད་ལྟའི་བར་བོད་རྒྱལ་ཁབ་ཆེན་པོའི་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རང་སྲོག་རྩ་ཆེན་དགྲ་བོའི་རྫས་མདེལ་གྱི་སོ་ཁར་བཞག་སྟེ་ཡོད་ཚད་བློས་བཏང་སྟེ་སྐུ་གཤེགས་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གི་གཙོས་པའི་དཔའ་རྒོད་དམ་པ་ཚོ་དང་། ད་ལྟ་ཞལ་བཞུགས་རྒྱལ་གཅེས་བུ་རྒོད་ཚོའི་རླབས་ཆེན་གྱི་སྙིང་སྟོབས་དང་འཇིགས་ཞུམ་མེད་པའི་བློས་གཏོང་དག་ཡིན་ལ། ཁོང་ཅག་ལ་ཡིད་གདུང་བའི་མྱ་ངན་ཚད་མེད་དང་བཅས་ཤུལ་ལུས་ལྟོས་བཅས་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད་སོགས་གསུངས། དེའི་རྗེས་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་ནས་སྤྱི་འཐུས་ལྷན་ཁང་གི་གསུང་འཕྲིན་སྒྲོག་སྦྱང་གནང་དོན། 13445507_1023609141025687_2842782186768398178_nདེ་རིང་ཕྱི་ལོ་ ༡༩༥༨ ཟླ་ ༦ ཚེས་ ༡༦ ཉིན་རྒྱལ་ཞེན་ལྷག་བསམ་ཅན་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གིས་དབུ་ཁྲིད་དེ་བོད་ཆོལ་གསུམ་ཁྱོན་ཡོངས་ནས་རྒྱལ་ཞེན་ལྷག་བསམ་གྱིས་ཕྱུག་པའི་བོད་མི་རྣམས་ཀྱིས་བོད་ས་ལྕགས་ཚ་གྲི་གུ་ཐང་དུ་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་བཙུགས་ཏེ་མི་ལོ་ ༥༨ འཁོར་བའི་དུས་དྲན་ཐེངས་ ༥༧ ཆགས་ཡོད་སྐོར་དང་། བར་ལམ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འོས་བསྡུའི་ལས་རིམ་ནང་། བོད་མིའི་ཡ་རབས་བཟང་སྤྱོད་དང་འགལ་བའི་ནང་ཁུལ་འཐེན་རྩོད་ཀྱི་རིགས་གང་འཚམ་བྱ་ཐལ་གྱུར་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐུགས་ཕམ་མམ་ཐུགས་དམ་སད་རྐྱེན་བྱུང་སྟེ། དཔལ་ལྡན་སྲིད་སྐྱོང་མཆོག་གི་དམ་བཅའ་འབུལ་མཛད་སྒོའི་ཐོག་བཀའ་སློབ་ལམ་སྟོན་ཇི་ཕེབས་ཀུན་གྱིས་མཁྱེན་གསལ་ལྟར། ཚང་མས་གཡས་ཁག་གཡོན་དཀྲི་མེད་པ་ཆོལ་གསུམ་བོད་མི་རྣམས་མཐུན་ལམ་དམ་ཚིག་ཟུང་ཁ་གཅིག་སྒྲིལ་མཉམ་རུབ་ཏུ་གནང་དགོས་པ་ཤིན་ཏུ་གལ་ཆེར་བརྟེན་ད་རེས་འདི་ཐོག་ནས་འབོད་སྐུལ་ནན་ཏན་ཞུ་རྒྱུ་ཡིན་གསུངས། ཉེ་སྔོན་ཕྱི་ཟླ་ ༤ པའི་ནང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་ཐེངས་ ༤༦ པ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཆུ་སྒང་དཔའ་བོའི་རྗེས་དྲན་ཚོགས་ཁང་དུ་འཚོགས་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་སྲུང་འདོམས་ཞུ་ཕྱོགས་དང་། ཆུ་སྒང་དབུས་ས་གཉིས་ནས་སྐུ་ཕྱྭའི་ཞབས་རིམ་སྲོག་བླུ་ཚེ་ཐར་ཁྱོན་ཆེ་དང་། འབྲས་ལྡན་སྐྱེ་ཤིང་འདེགས་འཛུགས། ཁོར་ཡུག་གཙང་བཟོ། བཀའ་འགྱུར་དག་སྒྲོག་དང་། གནས་བརྟན་ཕྱག་མཆོད། བཛྲ་གུ་རུ་དང་། མ་ཎི་གྲངས་གསོག་སོགས་གནང་དང་གནང་འཆར་བཅས་ཀྱི་ཐོག ནང་གི་ཞབས་རིམ་བོད་མི་ནང་ཁུལ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ཡོང་ཐབས་གནང་རྒྱུ་དང་། དེ་བཞིན་བོད་ནང་རྒྱ་དམར་གྱི་བཙན་གནོན་འོག་ཛ་དྲག་གི་དཀའ་ངལ་གནས་སྟངས་མཚམས་འཇོག་བྱ་ཐབས་ལ་རྒྱལ་སྤྱིའི་ཁྱོན་ལ་ཞུ་གཏུག་སོགས་ཀྱི་ལས་འགུལ་སྤེལ་རྒྱུ། སྔ་ལོ་བལ་ཡུལ་དུ་ས་འགུལ་གྱི་འཇིགས་པ་ཅི་ཆེ་བྱུང་སྐབས་སྒྲིག་འཛུགས་ངོས་ནས་མི་འགྲོ་དང་། དངུལ་དངོས་ཀྱི་ཕན་གྲོགས་གནང་བ། གཞན་ཡང་ཆབ་སྲིད་ཀྱི་ལས་འགུལ་རིགས་དང་། སྒྲིག་འཛུགས་དང་ཚོགས་པ་གཞན་ཁག་གི་ལས་རིམ་ནང་མཉམ་ཞུགས། རྒྱ་གར་དཔོན་རིགས་དང་འབྲེལ་ཡོད་མི་སྣར་འབྲེལ་ལམ། གཞོན་སྐྱེས་ཚོར་སློབ་ཡོན་དང་། རྒས་གསོ་ཁང་གསར་རྒྱག རྒན་རབས་གང་ཙམ་ལ་འཚོ་སྣོན། ནད་པ་དང་ཉམ་ཐག་ལ་རོགས་དངུལ་གནང་བ། འཛིན་སྐྱོང་དང་བཅས་པའི་ཞུ་སྒོ་གང་ལེགས་བྱུང་འདུག་པ། ད་དུང་རྒྱུན་གནས་དང་ཡར་རྒྱས་ཀྱི་ཕྱོགས་ལ་ཤུགས་སྣོན་གནང་དགོས་པའི་རེ་སྐུལ་ཞུས་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ།།