མངའ་རིས་སྤྱི་མཐུན་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་ ༢༣ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་དཔལ་ལྡན་སྤྱི་ལྷན་ཚོགས་གཞོན་མཆོག་སྐུ་མགྲོན་གཙོ་བོར་ཕེབས་པ།

aj

ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༡༣ སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་མངའ་རིས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། རྡ་ས་ས་གནས་མངའ་རིས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ། དེ་བཞིན་སྐུ་མགྲོན་ཁག་དང་། སྤྱི་མཐུན་ཚོགས་པའི་ཚོགས་མི་བཅས་ཚང་འཛོམས་གནང་སྟེ་སྐུ་མགྲོན་གཙོ་བོ་མཆོག་ནས་མར་མེ་ཞལ་འབྱེད་གནང་། དེ་ནས་སྐུ་མགྲོན་དང་མི་མང་རྣམས་ནས་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་ཞུས་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་རྗེས་སྐུ་བཞེངས་གནང་མུས་ཐོག་བོད་བསྟན་སྲིད་སླད་རང་རིགས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ནས་རང་སྲོག་བློས་བཏང་མཛད་མཁན་རྣམས་ཀྱི་རྗེས་དྲན་དང་མྱ་ངན་གུས་བཏུད་སྐར་མ་ཅིག་རིང་ཞུས། རང་ལུགས་སྲོལ་བཟང་ལྟར་མཛད་སྒོའི་རྟེན་འབྲེལ་ཆེད་སྐུ་མགྲོན་རྣམས་ལ་གསོལ་ཇ་དང་འབྲས་བསིལ་འདེགས་འབུལ་ཞུས་གྲུབ་རྗེས། རྡ་ས་ས་གནས་མངའ་རིས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་མཆོག་ནས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཡོངས་ཁྱབ་གཏམ་བཤད་གནང་དོན་དུ། མངའ་རིས་སྤྱི་མཐུན་ཚོགས་པ་འདི་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་གཉིས་པའི་དོན་ཚན་ ༡༢།༧ དགོངས་དོན་བཞིན་མངའ་རིས་དར་ཆེན་སྐུ་བཞེངས་ཚོགས་ཆུང་ཡོད་མུས་ཐོག་མངའ་རིས་སྤྱི་མཐུན་ཚོགས་པ་གསར་འཛུགས་ཀྱིས་ཕྱི་ལོ་ ༡༩༩༣ ཟླ་ ༨ ཚེས་ ༡༣ ཉིན་འཛིན་སྐྱོང་བཀའ་ཤག་ནས་ཚོགས་པ་སྤྱི་མཚུངས་ལྟར་ངོས་བཞེས་བཀའ་ཡིག་གནང་བ་ནས་བཟུང་ལོ་ལྟར་བརྒྱད་བཅུ་གསུམ་གྱི་ཉིན་མངའ་རིས་སྤྱི་མཐུན་ཚོགས་པ་འདི་ཉིད་ཁྲིམས་མཐུན་དབུ་བརྙེས་པའི་ཉིན་མོར་སྲུང་བརྩི་ཞུ་མུས་ཡིན་ལ། མངའ་རིས་སྤྱི་མཐུན་ཚོགས་པ་འདི་གསར་འཛུགས་གནང་དགོས་དོན་གཙོ་བོ་ནི། ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་ནས་བོད་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་བོད་མི་རིགས་རྩ་མེད་བཟོ་རྒྱུའི་འཆར་གཞི་ཡོད་པར་སོང་། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་མི་རིགས་རྒྱུན་གནས་ཐུབ་པའི་སླད་གཞིས་བྱེས་གཉིས་ཀྱི་མགོན་སྐྱབས་བླ་ན་མེད་པ་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་ལྟར། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་མཐུན་པའི་ཐོག་བོད་དོན་བདེན་མཐའ་མྱུར་དུ་གསལ་ཐབས་སུ་ཡང་དག་པའི་འཚེ་མེད་ཞི་བའི་ལྟ་བ་དང་དྲང་བདེན་གྱི་སྒོ་ནས་བོད་ཀྱི་འཐབ་རྩོད་ཐོག་བོད་མིའི་སྒྲིག་འཛུགས་ལ་དབུ་འོག་དཔུང་འདེགས་ཞུ་རྒྱུ་ཡིན་ཞེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་དང་།

img_3841

དེ་རྗེས་མཛད་རིམ་ནང་གསལ་ལྟར་སྐུ་མགྲོན་གཙོ་བོ་མཆོག་ནས་གསུང་བཤད་གནང་དོན་དུ། མངའ་རིས་སྤྱི་མཐུན་ཚོགས་དེ་གཞུང་འབྲེལ་གྱིས་ཕྱི་ཟླ་ ༨ ཚེས་ ༡༣ ཉིན་ངོས་འཛིན་གནང་ནས་ལོ་ངོ་ཉི་ཤུ་རྩ་གསུམ་ལྷག་ཙམ་སོང་ཡོད་ལ། ཁ་སང་སྤྱི་མཐུན་ཚོགས་པས་ང་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་བྱས་ནས་ཕེབས་རོགས་གནང་ཞེས་རེ་སྐུལ་བྱུང་བ་བཞིན་སྤྱི་འཐུས་རྒྱུན་ལས་ནས་ཐག་གཅོད་བྱུང་བའི་ཐོག་ད་རིང་ང་འདིར་བཅར་ཐུབ་པ་བྱུང་ཡོད། དེ་ཡང་མངའ་རིས་སྤྱི་མཐུན་ཚོགས་པས་ལོ་ལྟར་དུས་དྲན་མུ་མཐུད་སྲུང་བརྩི་ཞུ་བཞིན་ཡོད་པ་དེ་ལ་ངས་ད་རེས་ཀྱི་གོ་སྐབས་འདི་བཟུང་ནས་རྣམ་པ་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ་ཡག་ཡིན། སྤྱིར་བཏང་མངའ་རིས་སྤྱི་མཐུན་ཚོགས་པས་ལོ་ལྟར་དུས་དྲན་སྲུང་བརྩི་ཞུ་ཡི་ཡོད་པས་ངས་ད་རིང་དམིགས་བསལ་འཕར་མ་དེ་འདྲ་ཞུ་ཡག་གང་ཡང་ཆགས་ཀྱི་མི་འདུག འོན་ཀྱང་གཞི་རྩའི་སྒྲིག་འཛུགས་སོ་སོ་ལ་ཡན་ལག་ཡོད་པ་རེད། ལྷག་པར་དུ་སྒྲིག་འཛུགས་སོ་སོར་ཚོགས་ཆེན་རེད། འགན་འཛིན་ལྷན་ཚོགས་བཅས་ཡོད་རེད། ཉེ་བའི་ཆར་ཚོགས་ཆེན་བསྐྱངས་ནས་གྲོས་ཆོད་གང་ལ་གང་ཙམ་གཏན་འཕེབས་གནང་བ་དེ་སྤྱི་འཐུས་རྒྱུན་ལས་ནས་མཇལ་ཡག་བྱུང་སོང་ཞེས་དང་། རྣམ་པ་ཚོས་ཚོགས་ཆེན་སྐབས་སུ་གྲོས་ཆོད་ག་རེ་བཞག་པ་དེ་ཚོ་ས་གནས་དང་དབུས་ནས་འབོད་སྐུལ་གནང་སྟེ་ངེས་པར་དུ་ཕྱག་བསྟར་ཡོང་བ་ལ་ངས་ནན་པོ་བྱས་ཞུ་འདོད་བྱུང་། ད་ལྟ་མངའ་རིས་སྤྱི་མཐུན་ཚོགས་པའི་གཏམ་བཤད་ནང་གསལ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་བོད་ཀྱི་འཐབ་རྩོད་ཐོག་བོད་མིའི་སྒྲིག་འཛུགས་ལ་དབུ་འོག་དཔུང་འདེགས་ཞུ་རྒྱུ་ཡིན་ཞེས་དམ་བཅའ་བཞག་པ་ལ་ངས་བོད་མི་མང་སྤྱི་ལྷན་གྱི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེང་སྐབས་བོད་མིའི་འཐབ་རྩོད་ཐོག་ཕྱི་མི་ཉམས་ཞིབ་གནང་མཁན་ཇིི་སྙིད་ཅིག་ཡོད། བོད་ནང་ལ་ཡོད་པའི་བོད་མི་ཚོས་བོད་དོན་ཆེད་དུ་སྐུ་ལུས་མེར་བསྲེགས་བཏང་གནང་གི་ཡོད་ཅིང་། ང་རང་ཚོ་བཙན་བྱོལ་ནང་ཡོད་པ་ཚོས་ཀྱང་ལས་དོན་གང་ཞིག་སྤེལ་ཀྱང་ཐུགས་སྣང་དང་རྒྱལ་གཞེན་ཡོད་པའི་ཐོག་ནས་མཉམ་རུབ་གྱིས་ནུས་པ་སྤྲུངས་ནས་ལས་དོན་བྱེད་དགོས་པ་སོགས་ཀྱི་གསུང་བཤད་གནང་ཡོད། མཇུག་ཏུ་རྡ་ས་མངའ་རིས་ས་གནས་སྤྱི་མཐུན་ཚོགས་པའི་ཚོགས་གཙོས་ཐུགས་རྗེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་ལེགས་པར་གྲོལ་ཡོད་པ་བཅས་ཀྱི་གནས་ཚུལ་དུ།།